དགེ་རྒན་ཉིན་མོར་དགེ་རྒན་ཞིག་གི་སེམས་གཏམ་དྲོན་མོ།

ལྷ་རུའི་བུ། ( ལ་དྭགས། )

དེ་རིང་སླར་ཡང་སྔར་རྒྱུན་བཞིན་ཕྱི་ཟླ་དགུ་པའི་ཚེས་ལྔ་ལ་སླེབས་སོང་། རྒྱ་གར་ནང་གི་ཤེས་ཡོན་སློབ་གསོ་ལ་དོན་གཉེར་ཅན་གྱི་སློབ་མ་ཆེས་མང་པོ་ཞིག་ལ་མཚོན་ན། དེ་རིང་གི་ཉིན་མོ་འདི་ནི། སྤྲོ་སྣང་དང་རེ་སྒུག་ཁྲོད་ཀྱི་ཉིན་མོ་དོན་སྙིང་ཅན་ཞིག་ཡིན་པ་སྨོས་ཅི་ལ་དགོས། དེ་རིང་ཞོགས་པ་སྔ་མོ་ནས་སློབ་མ་ཇི་སྙེད་ཅིག་གིས་ཉིན་གྲངས་མང་པོའི་གོང་ནས་རང་ལ་ཀ་ར་ཉོ་རྒྱུའི་དངུལ་འགའ་ཡོད་པ་དེས། དེབ་ཁང་དང་ཚོང་ཁང་ནས་དགེ་རྒན་ལ་འབུལ་རྒྱུའི་འཚམས་འདྲིའི་ཤིས་ཤོག་གི་རིགས་སྣ་ཚོགས་ཉོས་ནས།   བྲེལ་བྲེལ་འཚུབ་འཚུབ་ཀྱིས་དགེ་རྒན་གྱི་ཁང་པའི་སྒོ་ཁ་དང་། ཉིན་ལྟར་ཞོགས་པ་རང་གི་བརྩེ་བའི་དགེ་རྒན་དག་སློབ་གྲྭར་བསྐྱོད་སའི་ལམ་ཟུར། དེ་བཞིན་ད་དུང་སློབ་གྲྭའི་རྒྱལ་སྒོ་སོགས་ལ་འཚང་ཀ་ཤིག་ཤིག་གིས་སྙིང་ཁོང་རུང་པའི་གཏིང་ནས་འཚམས་འདྲི་ཞུ་རྒྱུའི་ཆེད་དུ་བསྒུགས་ནས་ཡོད་པ་སྨོས་ཅི་ལ་དགོས། ཤེས་ཡོན་སློབ་གསོར་དོན་གཉེར་དང་། དགའ་བའི་སློབ་མ་ཞིག་ལ་མཚོན་ན། དེ་ལྟར་བྱ་འོས་པ་མ་ཟད། ཅི་ནས་ཀྱང་བྱ་དགོས་པའི་དོན་དག་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཡིན།

འོན་ཀྱང་བདག་ལ་མཚོན་ན། སློབ་མ་ཆེས་མང་པོས་དེང་སང་འབད་དགོས་པ་ཤེས་བྱའི་གནས་ལ་འབད་འབུངས་མ་བྱེད་པར། འབྲེལ་མེད་དོན་གཞན་གྱིས་དགེ་རྒན་གྱི་ཉིན་མོར་ཁག་འགེལ་བྱས་ནས་ཉིན་གྲངས་མང་པོར་རིན་ཐང་ཅན་གྱི་དཔེ་ཀློག་བྱ་རྒྱུའི་དུས་ཚོད་རྣམས་ཆུད་ཟོས་སུ་བཏང་ནས་སློབ་གྲྭའི་དུས་ཚོད་བེད་མེད་དུ་གཏོང་གིན་པ་ནི། ཆེས་བཟོད་དཀའ་ལ་ཕང་སེམས་ཀྱིས་ལུས་སེམས་སྡུག་གིས་མནར་བའི་སྡུག་གྱོང་འཕར་མ་ཞིག་རེད་འདུག ཁྱེད་རྣམས་ཀྱིས་རང་གི་དགེ་རྒན་ཚོར་ཟས་ཞིམ་པོའི་སྟོན་མོ་བཤམས་ནའང་རུང་། མ་བཤམས་ནའང་ཆོག གླུ་གར་གྱི་ལས་རིམ་ཡིད་ཏུ་འོང་བ་རེ་གོ་སྒྲིག་བྱེད་ནའང་རུང་། མ་བྱེད་ནའང་ཆོག ངར་དགོས་པ་ནི། ཁྱེད་རྣམས་འབྱུང་འགྱུར་བོད་དྲི་མ་ཡལ་བའི་བོད་མིའི་ཤུལ་འཛིན་པ་ཡང་དག་ཅིག་དང་། བོད་ཀྱི་སྐད་དང་ཡི་གེ་འཛིན་སྐྱོང་སྤེལ་གསུམ་ལ་སྨན་པའི་བྱ་གཞག་ཐད་ལྷོད་གཡེང་མེད་པར་རང་དོན་རང་གཅེས་དང་། ལྷག་བསམ་གཡོ་བ་མེད་པའི་སྒོ་ནས་ཧུར་ཐག་བྱེད་མཁན་གྱི་སློབ་མ་མང་མང་ཞིག་ལ་འགྱུར་ན་ཅི་མ་རུང་སྙམ་པའི་བསམ་བློའི་རླབས་རྒྱུན་ཞིག་ནམ་ཡང་ཡིད་ལ་འཕྱོ་བཞིན་གདའ། དེང་སང་རང་རེའི་གཞོན་ནུ་ལོ་ཆུང་མང་པོས། བོད་མི་རིགས་ཀྱི་ཕ་མེས་ཡང་མེས་བརྒྱ་ཕྲག་མང་པོས་མི་ཚེའི་ནང་གི་དུས་ཚོད་རིན་བྲལ་ཅན་མང་པོར་དཀའ་སྤྱད་ཀྱི་འཕྲང་ལམ་དུ་མ་བརྒྱུད་དེ། སྔར་མེད་གསར་དུ་བསྐྲུན་པའི་རིག་གཞུང་གི་ཁྱད་ནོར་རིན་ཐང་ཅན་རྣམས་ལ་སྣང་ཆུང་དང་། གལ་ཆེན་དུ་མ་གཟིགས་ནས། འབད་བརྩོན་མི་བྱེད་པའི་ངང་ཚུལ་ཞིག་གང་སར་མཐོང་རྒྱུ་ཡོད་པ་དེ་ནི། མ་འོངས་པར་ང་ཚོའི་མི་རིགས་འདིའི་མགོ་ཐོག་ལ་ཆག་སྒོ་བསམ་ཡུལ་ལས་འདས་པ་ཞིག་ཡོང་རྒྱུའི་སྔ་ལྟས་སུ་སྣང་གི་འདུག་ན། དེ་རིང་ནས་སློབ་མ་ཁྱེད་ཅག་ཀུན་གྱིས་བོད་མི་རིགས་ཀྱི་རིག་གཞུང་ལ་གང་ས་ཅི་ཐད་ནས་ལྷག་བསམ་གངས་རི་ལས་དཀར་བ་ཞིག་ཡིད་ལ་དམ་པོར་བཅངས་ནས། ཐབས་ཤེས་ཡོད་དགུས་རྒྱུས་ལོན་སློབ་སྦྱོང་བྱ་གལ་ཤིན་ཏུ་ཆེ། དེ་ལས་ལྡོག་སྟེ་ད་ལྟ་བཞིན་མགོ་རུལ་ཡང་སྣ་བས་དྲི་མི་ཚོར་བའི་ངང་ཚུལ་ཡིད་སྐྱོ་དགོས་པ་དེ། ཉིན་འགྱངས་ཞག་འགྱངས་དང་། ཉིན་བརྩེགས་ཟླ་བརྩེགས་ཀྱིས་ལོ་ཡུན་གང་མཚམས་ཤིག་ཕྱིན་སོང་ན། ནམ་ཞིག་ས་སྒང་འདིའི་སྟེང་བོད་མི་རིགས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མེད་པར་མི་རིགས་ཡ་མ་ཟུང་ཞིག་ལ་འགྱུར་ངེས་པས། ཀུན་གྱིས་གཟབ་པར་བྱ་རྒྱུའི་དོན་ཞིག་རེད་སེམས། ལར་ན་ད་ལྟ་རང་ཅག་རྣམས་ནི། སྐྱིད་པའི་ཕ་ས་ཕ་ཡུལ་རྒྱ་ལག་ལ་ཤོར། ཤ་ཉེ་མིང་སྲིང་ཕལ་ཆེ་བ་སྐྱབས་མེད་མགོན་གྱིས་གཞིས་ལ་ལུས། ངེད་ཚོ་ནི་མི་ཡུལ་ས་མཐར་གྱར་ཏེ་ཕ་ཡུལ་མིག་ཟུང་གི་ཡུལ་དུ་མ་འགྱུར་ནས། བགྲང་བྱ་ཧྲིལ་པོ་བཅུ་ཕྲག་དྲུག་ཙམ་ཕྱིན་པའི་ས་སྒང་འདིའི་སྟེང་གི་ཡ་ང་བའི་མི་རིགས་ཤིག་ཡིན། ང་ཚོར་ཡིད་ཆེས་དང་རེ་བའི་མིག་གཉིས་འབུར་ཚུགས་སུ་གཏོད་མཁན་མང་བས། དེ་ལྟར་སྒྱིད་ལུག་གིས་སྣང་བ་སྐྱིད་སྐྱིད་བྱས་ནས་བསྡད་ན། གཅིག་ནས་སྔར་བསགས་བསོད་ནམས་ཀྱི་ཕུང་པོ་ཟད་པ་དང་། གཉིས་ནས་༸གོང་ས་མཆོག་གཙོས་བོད་གཞུང་གིས་ལོ་ངོ་མང་པོའི་རིང་རྒྱུ་གྲོན་མང་པོ་ཞིག་ཤེས་ཡོན་སློབ་གསོའི་སྟེང་ལ་བཏང་དང་གཏོང་གིན་ཡོད་པ་དེ་དག བྱེ་མ་ཆུ་སིམ་དུ་སོང་བ་ཡིན་པས། མནོ་བསམ་ཅི་ནས་ཀྱང་བྱ་དགོས།

ཡང་བཤད་འདོད་པ་ཞིག་ལ། ལོ་ན་ཕྲ་བའི་སློབ་མ་ལ་ལས་སྤྱི་སྒེར་གཉིས་ཀྱི་ཆེ་བའི་གཟི་བརྗིད་ལ་གནོད་པའི་ཐ་མ་ཁ་འཐེན་པ་ཙམ་དུ་མ་ཟད། ཆང་རག ད་དུང་སྡུག་པ་ལ་ལས་བཟི་སྨན་བཟའ་བ་དང་སྦྱར་རྩི་རྔུབ་མཁན་འདྲ་ཡོད་འདུག་པས། དེ་འདྲ་ནམ་ཡང་བྱ་མི་རུང་། དགེ་རྒན་གྱི་ཉིན་མོར་ཁྱེད་ཚོས་དམིགས་བསལ་གྱི་ཐུགས་སྤྲོའི་ལས་རིམ་ཅི་ཡང་བསྒྲིག་མེད་ནའང་ཆོག རང་གཞན་གཉིས་ཕུང་གི་བྱ་བྱེད་ཆེས་ཐ་ཤལ་གྱི་རིགས་དེ་འདྲ་བ་རྣམས་ནི། རང་གིས་མི་བྱ། གཞན་ལའང་བྱེད་དུ་མ་འཇུག་པར་འགན་འཁྲིའི་འདུ་ཤེས་ཡོད་པར་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་ལ་གནང་དགོས་པའི་བྱ་གཞག་ཅིག་ཡིན། ཁྱེད་ཚོས་དེ་ལྟར་རྩ་འགོག་གི་སླད་དུ་དམ་བཅའ་དང་། བྱ་འགུལ་འདྲ་སྤེལ་ཐུབ་ན། རང་གི་དགེ་རྒན་ཚོར་ཟང་ཟིང་གི་སྟོན་མོ་རབ་འབྲིང་ཐ་གསུམ་གང་ཡང་འབུལ་མ་ཐུབ་ནའང་། དོན་ལ་ཡིད་སེམས་དགའ་བའི་མཆོད་སྤྲིན་རྣལ་མ་ཞིག་འབུལ་བ་དང་ཁྱད་སེན་མོ་གང་ཙམ་ཡང་མེད་པས། ཁྱེད་ཚོས་གནད་ཁག་གང་ཡིན་སྣང་མེད་དུ་འཆོར་དུ་མ་འཇུག་རོགས། འདས་པའི་འཛམ་གླིང་གི་ལོ་རྒྱུས་དེབ་ཐེར་ནང་འདི་ལྟའི་གནས་ཚུལ་བྱུང་བའི་རྗེས་ཀྱི་ལག་རྗེས་སུ། མི་རིགས་ཆབ་སྲིད་ཀྱི་གཞུང་ཤིང་རྨེད་མེད་ལ་ཐོར་ནས། འུ་ཐུག་ཐབས་ཟད་ཀྱིས་གཞུང་དམངས་སར་འགྱེལ་བའི་ཆགས་འཇིག་ཉམ་ང་བསམ་པའི་ཡུལ་ལས་འདས་པ་མྱངས་པའི་ལོ་རྒྱུས་ཀྱི་འབྱུང་བ་དེ་དག་ཡིད་ཀྱི་མེ་ལོང་ན་གསལ་གསལ་ཐིང་ཐིང་གིས་དྲན་པར་བྱས་ནས། སྤང་བླང་འཇུག་ལྡོག་མ་ནོར་བར་བྱ་རྒྱུ་ཤིན་ཏུ་གལ་ཆེ། དེ་ལྟར་ཡིད་ལ་བརྣགས་ནས་རང་གཞན་གྱི་མཚན་མཐོང་ལ་རྒྱར་རྨ་འབྱིན་ཏིལ་འབྲུ་ཙམ་ཡང་མེད་པ་ཞིག་གནང་ཐུབ་ན། དགེ་རྒན་གྱི་ཡིད་སེམས་ཅི་ལ་མི་དགའ། དེ་ནི་དགེ་རྒན་གྱི་ཉིན་མོར་གོ་སྒྲིག་གནང་བའི་ཐུགས་སྤྲོ་བརྒྱ་ཕྲག་མང་པོ་ཕྱོགས་གཅིག་ལ་སྤུངས་པ་ལས་ཀྱང་རླབས་ཆེ་ལ་རིན་ཐང་གཞལ་དུ་མེད་པ་ཅིག་ཡིན་པ་ཐེ་ཚོམ་གནང་དགོས་མ་མཆིས།

བཙན་བྱོལ་ནང་གི་ང་ཚོ་བོད་མིའི་སློབ་གྲྭ་རྣམས་ནི། བོད་མི་རིགས་ཀྱི་བདེན་པའི་འཐབ་རྩོད་དང་འབྲེལ་བ་ཟབ་པས། ང་ཚོ་རྣམས་ད་དུང་ཇི་སྲིད་ཀྱི་བར་བཙན་བྱོལ་གྱི་འཚོ་བ་རོལ་དགོས་འབྱུང་བ། དེ་སྲིད་བར་ཤེས་ཡོན་གྱི་བསྟི་གནས་དེ་དག་སྔར་བཞིན་རྟག་ཏུ་བརྟན་དགོས་པ་ལྷག་ཏུ་གལ་ཆེ་ཡིན། དེས་ན་སློབ་གྲྭའི་ནང་གི་བོད་རིགས་སློབ་ཕྲུག་དང་། བོད་རིགས་མ་ཡིན་པའི་ཧི་མ་ཡའི་རི་རྒྱུད་སོགས་ནས་ཕེབས་པའི་སློབ་ཕྲུག་མཐའ་དག་གིས་ཀུན་སྤྱོད་ཐད་ཡིད་གཟབ་དོ་ནན་བྱ་དགོས། ལྷག་དོན་བོད་རིགས་སློབ་ཕྲུག་གིས་དམིགས་བསལ་འགན་དབང་བཞེས་ནས། དགེ་རྒན་བཟང་པོའི་སྤྱི་ལ་སྨན་པའི་ཐུགས་འཁུར་བཞེས་ཕྱོགས་དང་། ལམ་སྟོན་ལྟར་ཤར་བསྐྱོད་བྱ་རྒྱུ་གལ་ཆེ་ཡིན། དེ་མིན་བོད་ཀྱི་གཏམ་དཔེར་ཤ་ཞིམ་པོ་ཨ་ཁུ་ཝ་མོས་བཟས། ཁག་ངན་པ་ཨ་ཁུ་སྤྱིར་འགེལ་ཞེས་བཤད་པ་བཞིན། དེང་སང་བོད་པའི་ཞབས་འདྲེན་གཞན་གྱིས་ཞུས་རོགས་བྱེད་མཁན་མང་པོ་ཡོང་བཞིན་འདུག་པས། བོད་ཀྱི་མཚན་མཐོང་ལ་རྒྱ་སྲུང་སྐྱོབ་དང་། གོང་མཐོར་གཏང་རྒྱུར་བོད་པས་བཙུགས་གནང་བའི་སློབ་གྲྭ་དང་དགོན་པའི་ནང་གི་བོད་རིགས་སློབ་མ་སྤྱི་ཡིས་འོས་འགན་ཡིན་པས་ནམ་ཡང་མ་བརྗེད་པར་ཡིད་ལ་དྲན་པ་ཙམ་དུ་མ་ཟད། ཐུགས་འཁུར་དང་ཤ་ཚ་མ་བརླག་པའི་སྒོ་ནས་བྱ་བ་སྤེལ་ཐུབ་ན། དེ་རིང་དགེ་རྒན་ལ་འབུལ་རྒྱུའི་འཚམས་འདྲིའི་ལག་རྟགས་གོང་ན་མ་འཆིས་པ་དེ་འགྱུར་ངེས་ཡིན།

ལོ་ངོ་མང་པོར་དེ་རིང་གི་ཉིན་མོ་ལྟ་བུའི་བརྒྱུད་ནས་བདག་ལ་ཉམས་མྱོང་དངོས་སུ་བྱུང་བར་གཞིགས་ན། བདག་སོགས་དགེ་རྒན་མང་པོས་ཆེས་དགའ་ལ་ལྟ་སྙིང་འདོད་པའི་མིག་གི་དགའ་སྟོན་དང་། སེམས་ཀྱི་ལོངས་སྤྱོད་ཟད་མི་ཤེས་པ་ཞིག་ནི། ཁྱེད་རྣམས་ཀྱིས་ལུས་ལ་བོད་ལྭ་གྱོན། ངག་ནས་བོད་གླུ་ལེན་ཏེ། གར་སྟེགས་ཀྱི་སྟེང་ལ་བོད་ཀྱི་ཐུན་མིན་ཡུལ་སྲོལ་གོམས་གཤིས་ཀྱི་རྣམ་པ་བརྗིད་ཆེ་བ་རེ་འཁྲབ་སྟོན་གཟིགས་མོར་བཤམས་ན་ཅི་མ་རུང་སྙམ་ནའང་། ཁྱེད་རྣམས་ཀྱིས་ནི་རྟག་ཏུ་བོད་གཞས་དང་བོད་གླུའི་ཚབ་ལ། བལ་པོའི་གླུ། རྒྱ་གར་གྱི་གླུ་གཞས། ད་དུང་ནུབ་ཕྱོགས་ཀྱི་གཞས་གསར་འདི་འདྲ་རེ་འཁྲབ་སྟེ་རང་ཉིད་སྣང་བ་སྐྱིད་སྐྱིད་དང་། རང་གི་མཆོར་ཉམས་གཞན་ལ་ངོམ་ངོམ་བྱེད་པ། ཡང་ཡིད་སེམས་གཏིང་ནས་སྐྱོ་དགོས་པ་ཞིག་ལ་སློབ་མ་ཨ་གསར་ཅན་ལ་ལས་བོད་གླུ་ལེན་མཁན་དང་། བོད་བྲོ་འཁྲབ་མཁན་གྱི་སློབ་མ་ཚོར་འཕྱ་སྨོད་བྱེད་དེ།   ཁོང་ཚོ་གཏན་ནས་གར་སྟེགས་ཀྱི་སྟེང་ལ་ལངས་རྒྱུ་མེད་པར་གཏང་བ་ནི་ཆེས་བློར་མི་གཤོང་དཀའ་བའི་གནད་དོན་ཞིག་ཡིན།   འདི་ལྟའི་ངང་ཚུལ་ཞིག་དགེ་རྒན་ཡིན་མིན་ལ་མ་ལྟོས་པར། མང་པོར་ཐུགས་ཚོར་ཉམས་སྣང་དེ་འདྲ་གཅིག་མཚུངས་བྱུང་འདུག་པས། དུས་སྐབས་དེ་འདྲའི་སྐབས་ཚང་མས་བོད་ལྭ་དང་བོད་གླུ་ལེན་ནས་སྲུང་གཙི་བྱ་ཐུབ་ན། འཕྲལ་དུ་དགེ་སློབ་ཐམས་ཅད་སྣང་བ་སྐྱིད་པ་དང་། ཕུགས་སུ་མི་རིགས་ཀྱི་རིག་གཞུང་གོམས་གཤིས་སོགས་རྒྱུན་གནས་ཐུབ་སླད། རམ་འདེགས་ཞུ་ཐུབ། དེ་ཡང་དགེ་རྒན་གྱི་ཐུགས་མཉེས་པའི་བྱ་བ་རླབས་ཆེན་ཞིག་ཡིན་པས། མ་བརྗེད་པར་འཚལ།།

མཐའ་དོན། དུས་རྟག་ཏུ་དུས་རབས་འདིའི་སྟོན་པ་བླ་ན་མ་མཆིས་པ་འཕགས་པ་ཐུགས་རྗེ་ཅན་མིའི་རྣམ་པར་རོལ་བ་གངས་ཅན་བོད་ཀྱི་ལྷ་གཅིག་ཕྱག་ན་པདྨོ་གང་ཉིད་གཙོས། རང་རེའི་བོད་གཞིས་གཉིས་སུ་གནས་འཁོད་བོད་ཀྱི་ཆོས་དང་རིག་གཞུང་ལ་དུངས་བ་ཟབ་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་། ཐུགས་འདོད་ཇི་བཞིན་མངོན་འགྱུར་ཡོང་སླད། སྒང་བ་བོད་མི་ཡོངས་ཀྱིས་ལྷོད་གཡེང་མེད་པར་དུས་ཆེན་དང་ཐུགས་སྤྲོ་གོ་སྒྲིག་བྱེད་པ་ཙམ་ལ་ཚིམས་ནས་བསྡད་པ་མ་ཡིན་པར། ཁ་ཡོད་ལག་ཡོད་ཀྱིས་བྱ་བ་དོན་ལ་འཁྱོལ་རྒྱུའི་ཐད་ལ་རྩོལ་བ་བསྟེན་ཐུབ་ན་བཤེས་གཉེན་མཉེས་པའི་རྒྱུ་འབའ་ཞིག་ཡིན་པས། དེ་ལྟར་རང་ཅག་ཀུན་གྱིས་ཡིད་ལ་ཟུངས་ཤིག ། །།

བསྐྱར་བཅོས།: ༢༠༡༨/༠༩/༠༥

Leave a Reply

One thought on “དགེ་རྒན་ཉིན་མོར་དགེ་རྒན་ཞིག་གི་སེམས་གཏམ་དྲོན་མོ།

  1. སྒྲིབ་སེལ་ལྷ་མོ།

    རང་གི་འཁོར་ས་ཁོར་ཡུག་ཏུ་ཡིད་ལ་རྟག་ཏུ་ཚོར་སྣང་སུན་པ་ལྟ་ཅི་མིག་གིས་ལྟ་མི་འདོད་ལ་རྣ་བ་ཡིས་དེ་བས་ཉན་ག་ལ་འདོད་པའི་ང་ཚོའི་བོད་མི་རིགས་ཀྱི་མི་རབས་གསར་བུ་བ་ཚོའི་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་རང་བཞིན་བརྗོད་པའི་དཔྱད་རྩོམ་དེ་ནི་ཆེས་འགངས་ཆེ་བའི་གནད་དོན་ཞིག་ཏུ་མཐོང་། སྤྱིར་བཏང་དེང་དུས་འདུ་འཛི་ལང་ལོང་ཁྲོད་དུ་སྐྱེས་སྲིང་འགྱུར་བའི་མི་རབས་ཚོ་ནི་ཨ་གསར་རྟ་ལས་མགྱོགས་པའི་རང་གཤིས་གྲུབ་ཅིང་ཕུག་ལས་འཕྲལ་གྱི་འདོད་དོན་ལ་ཚོར་བ་རྣོ་ངར་ཆེ་ལ་སྒྲུབ་འདོད་ཀྱི་ཁམ་སེམས་ཆེན་པོའི་གཤིས་ལུགས་སུ་གྲུབ་པ་དེ་ནི་ཆོས་ཕྱོགས་ནས་བསྙད་པའི་སེམས་ཅན་དང་ཉོན་མོངས་སྙིགས་མར་གྱུར་དང་འགྱུར་བཞིན་པས་སྤྱི་དང་སྒེར་གྱི་བསོད་ནམས་འབྲི་ཞིང་ཉམས་པའི་དུས་རབས་ཀྱི་བསྐལ་བ་ཡིན། དེ་དག་དང་ལྷན་དུ་འགྲོགས་འདྲིས་སྤྱོད་གསུམ་བྱ་དགོས་པའི་དགེ་རྒན་རྣམས་ནི་སྡུག་སྐད་འཆོར་ས་དང་དྲང་གཏམ་སུ་ལའང་སྨྲ་བརྗོད་བྱ་ཡུལ་བྲལ་བའི་ཀྱག་ཀྱོག་གི་ལམ་འཕྲང་འདེད་དེ་ངུ་བའི་མིག་ཆུ་ལྐོག་ཟུར་དུ་འབྱིད་བཞིན་ཕམ་ཁའི་སེམས་གསོ་རང་གིས་རང་ལ་བྱས་དང་བྱེད་བཞིན་པ་དེ་ནི་ང་ཚོ་རང་ཡུལ་བྲལ་ཅིང་འཆི་གསོན་ཆ་མ་འཚལ་བའི་གནས་སྟངས་འདི་ཁོ་ནའི་ལས་དབང་དུ་གྱུར་བ་ཉིད་ཀྱིས་སོ།