ཀེམ་ཇོང་ཨན་གྱི་དཔུང་རོགས་ཤིག་འདས་གྲོངས་སུ་ཕྱིན།

བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་བཟོ་སྐྲུན་ཚན་རྩལ་སློབ་སྟོན་པ་ཇོ་ཁོའུ་ཆང་ཁྲག་ནད་ཅིག་གིས་འདས་གྲོངས་སུ་ཕྱིན་ཡོད་འདུག

བྱང་ཀོ་རི་ཡའི་གཞུང་འབྲེལ་གསར་ཁང་(KCNA)གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༣ ཉིན་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་བཟོ་སྐྲུན་ཚན་རྩལ་སློབ་སྟོན་པ་ཇོ་ཁོའུ་ཆང་(Ju Kyu Chang)ཁྲག་ནད་ཅིག་གིས་ལོ་ན་ ༨༩ སྟེང་འདས་གྲོངས་སུ་གྱུར་ཡོད་འདུག

ཡུལ་དེའི་གཞུང་འབྲེལ་གསལ་བསྒྲགས་ནང་ཁོང་ནི་བྱང་ཀོ་རི་ཡའི་བདེ་སྲུང་དང་སྟོབས་ཤུགས་ཐད་བྱས་རྗེས་བླ་མེད་བཞག་མྱོང་བའི་གསར་བརྗེ་མི་རབས་རྒན་པའི་གྲས་ཀྱི་གཅིག་ཡིན་པ་དང་། ཁོང་གིས་བྱང་ཀོ་རི་ཡའི་རྒྱལ་སྲུང་ནུས་སྟོབས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་བརྗོད་འདུག

ཇོ་ཁོའུ་ཆང་གིས་དེ་སྔོན་བྱང་ཀོ་རི་ཡའི་བདེ་སྲུང་བློན་ཆེན་གྱི་འགན་འཁུར་ཏེ། བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་དང་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་བྱེད་པར་ནུས་ཤུགས་ཆེན་པོ་བཏོན་ནས་ཡར་རྒྱས་བཏང་བ་མ་ཟད། ཕྱི་ལོ་ ༢༠༠༩ ལོར་ཁོང་གིས་བྱང་ཀོ་རི་ཡའི་གླིང་ཕྲན་ནས་གླིང་ཕྲན་གཞན་ལ་སྙོབ་ཐུབ་པའི་མེ་ཤུགས་འཕུར་མདེལ་ཚོད་ལྟ་ཐེངས་གཉིས་པ་དེ་བྱས་ཡོད་འདུག

རྗོ་ཁོའུ་ཆང་ནི་ཨ་རི་གཞུང་གིས་བྱང་ཀོ་རི་ཡའི་མཐོ་རིམ་དཔོན་རིགས་མང་པོར་དཔལ་འབྱོར་སོགས་ཀྱི་ཐད་ནས་བཀག་སྡོམ་བྱེད་ཀྱི་ཡོད་པའི་ཁྲོད་ཀྱི་གཅིག་ཡིན་པ་དང་། ཕྱི་ལོ་ ༢༠༡༥ ལོར་རྒན་ཡོལ་མ་ཞུས་བར་དུ་ཁོང་གིས་བྱང་ཀོ་རིའི་(ICBM)ཞེས་པའི་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་ཐད་ལམ་སྟོན་གྱི་ནུས་པ་ཤུགས་ཆེན་བཏོན་ཏེ། འདས་ལོར་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་ཡིས་ཨ་རིའི་རྒྱལ་ས་བར་དུ་སྙོབ་ཐུབ་ཀྱི་ཡོད་སྐོར་བསྒྲགས་ཡོད་པ་རེད།

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱི་གནས་ཚུལ་ལྟར་ན། བྱང་ཀོ་རི་ཡའི་ནང་ཚན་རིག་པ་དང་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་གྱི་ལས་གཞིར་ཤུགས་སྣོན་བྱེད་མཁན་ཚོར་མཐོང་དང་ཆ་འཇོག་ཆེན་པོ་ཡོད་པ་ལྟར། རྗོ་ཁོའུ་ཆང་ལ་གཞུང་ཕྱོགས་ནས་ལྟ་ཚུལ་ཧ་ཅང་ལེགས་པོ་ཡོད་པ་དང་། བྱང་ཀོ་རི་ཡའི་མགོ་འཁྲིད་ཀེམ་ཇོང་ཨན་གྱིས་སྲིད་དབང་བཟུང་བ་ནས་ཁོ་རང་དང་བར་ཐག་ཉེ་བའི་མཐོ་རིམ་མགོ་འཁྲིད་ ༣༤༠ ལྷག་བསད་ཡོད་ན་ཡང་དེའི་ཁྲོད་བྱང་ཀོ་རི་ཡའི་རྡུལ་ཕྲན་བཟོ་སྐྲུན་པ་དང་ཚན་རིག་པ་གཅིག་ཀྱང་བསད་མེད་འདུག

རྒྱལ་སྤྱིའི་ཐོག་ནས་ཇོ་ཁོའུ་ཆང་ནི་ཀེམ་ཇོང་ཨན་གྱི་དཔུང་རོགས་གཏེ་བོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་དང་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་གྱི་ལས་གཞིའི་ཇུས་ཆེན་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་ལྟར། ཁོས་མི་ཚེ་གང་བོར་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ཡར་རྒྱས་ཆེད་དཀའ་ལས་ཚད་མེད་བརྒྱབས་ཡོད་འདུག

ཇོ་ཁོའུ་ཆང་ནི་ཕྱི་ལོ་ ༡༩༢༨ ལོར་བྱང་ཀོ་རི་ཡའི་ཤར་ཕྱོགས་ཀྱི་ཧམ་ཡོང་(Hamgyong)ཞེས་པའི་མངའ་སྡེའི་ནང་སྐྱེས་ཤིང་། ཁོང་བྱང་ཀོ་རི་ཡའི་ཀེམ་ཆེག་གཙུག་ལག་སློབ་ཆེན་(Kim Chaek University)དུ་ཚན་རྩལ་བཟོ་ལས་ཐོག་སློབ་མཐར་ཕྱིན་ཡོད་པ་དང་། ཕྱི་ལོ་༢༠༡༠ ལོ་ནས་ཇོ་ཁོའུ་ཆང་གིས་ཡུལ་དེའི་མགོ་འཁྲིད་ཀེམ་ཇོང་ཨེལ་(Kim Jong-Il)གྱི་ལམ་སྟོན་འོག བྱང་ཀོ་རི་ཡའི་འཕྲུལ་ལས་བཟོ་སྐྲུན་ཚན་པའི་མགོ་འཁྲིད་དང་བྱང་ཀོ་རི་ཡ་གཞུང་གི་གྲོས་ཚོགས་འཐུས་མི་བྱས་ཏེ། རིམ་གྱིས་ཀེམ་ཇོང་ཨན་གྱི་མགོ་འཁྲིད་འོག་ཡུལ་དེའི་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་གྱི་ལས་གཞི་ཁག་གི་ནང་ཞུགས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༩/༠༥

Leave a Reply