གསར་འགོད་པའི་བཟའ་ཟླ་གཉིས་ཀྱིས་ཞུ་གཏུག་བྱས།

འབར་མའི་གསར་འགོད་པ་གཉིས་ཀྱི་བཟའ་ཟླ་ཆི་སུའུ་ཝུ་དང་པེན་ཨེ་མོན་ནས་ཉེས་པ་གང་ཡང་མེད་པར་ཁྲིམས་ཐག་བཅད་པའི་གནད་དོན་དེར་བསྐྱར་ཞིབ་དགོས་པའི་ཞུ་གཏུག་བྱེད་བཞིན་འདུགའབར་མ་གཞུང་གིས་གསང་བ་རྐུ་འཁྱེར་བྱས་པའི་ཉེས་མིང་འོག་ལོ་ ༧ རེའི་བཙོན་འཇུག་ཁྲིམས་ཐག་བཅད་པའི་རོ་ཊར་གསར་ཁང་གི་གསར་འགོད་པ་ཀཱ་སོའུ་ཨོ་ (Kyaw Soe Oo)  གྱི་བཟའ་ཟླ་ཆི་སུའུ་ཝུན་ (Chit Su Win)དང་། གསར་འགོད་པ་ཝ་ལུན་(Wa Lone) གྱི་བཟའ་ཟླ་པེན་ཨེ་མོན་ (Pan Ei Mon) གཉིས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཁོང་གཉིས་ཀྱི་བཟའ་ཟླ་ནི་འབར་མ་རྒྱལ་ཁབ་ཀྱི་མི་སེར་ཡག་པོ་ཞིག་ཡིན་པ་ལས་གཞུང་འབྲེལ་གསང་བ་གང་ཡང་རྐུ་འཁྱེར་བྱས་མེད་སྟབས། ཉེས་མེད་ཉེས་འགེལ་གྱི་ཁྲིམས་ཆད་དེའི་སྐོར་ལ་འབར་མའི་སྲིད་འཛིན་ཟུར་པ་ཐན་ཁའོ་(Htin Kyaw) དང་རྒྱལ་སྲིད་སློབ་སྟོན་མ་ལྕམ་ཨང་སན་སུའུ་སྐྱིད། དེ་བཞིན་གཞུང་འབྲེལ་གྱི་ཚོགས་སྡེ་ཁག་ ༧ ལ་ཞུ་གཏུག་ཡི་གེ་སྤྲད་དེ་བསྐྱར་ཞིབ་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་འདུག

གསར་འགོད་གསལ་བསྒྲགས་སྐབས་ཀཱ་སོའུ་ཨོ་ (Kyaw Soe Oo) ཡི་བཟའ་ཟླ་ཆི་སུའུ་ཝུན་ (Chit Su Win) གྱིས་མིག་ཆུ་གཏོང་བཞིན། ང་དང་ཨང་སན་སུའུ་སྐྱིད་གཉིས་བྱིས་པའི་ཨ་མ་ཡིན་པ་གཅིག་མཚུངས་ཡིན་པས། ཁོང་མོར་ཞུ་རྒྱུ་ཞིག་ཡོད། ངའི་བུ་མོ་ནི་ད་ལྟ་ལོ་ ༣ ཡིན་ཞིང་། བུ་མོ་པ་ལགས་ལ་བརྩེ་མདང་ཟབ་མོ་ཡོད། བུ་མོས་པ་ལགས་ཅིའི་ཕྱིར་ཁྱིམ་དུ་མི་ལོག་པ་རེད། ཨ་མ་ལགས་ལ་བརྩེ་བ་མེད་རེད་དམ་ཅེས་འདྲི་ཡི་འདུག་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག་ལ། གསར་འགོད་པ་ཝ་ལུན་ (Wa Lone) དང་ཁོང་གི་བཟའ་ཟླ་པེན་ཨེ་མོན་ (Pan Ei Mon) གཉིས་ལ་ཡང་བདུན་ཕྲག་གསུམ་ལྷག་སོན་པའི་བུ་མོ་ཞིག་ཡོད་ཀྱང་། ཕ་རྒན་གྱིས་བུ་མོ་མཐོང་མྱོང་མེད་འདུག

ཟླ་འདིའི་ཕྱི་ཚེས་ ༣ ཉིན་འབར་མའི་ཡཱང་ཨོང་རྫོང་ (Yangon) ཨིན་སན་ཁྲིམས་ཁང་ (Insein Court) གིས། རྒྱལ་སྤྱིའི་རོ་ཊར་གསར་ཁང་གི་ས་གནས་གསར་འགོད་པ་རང་ལོ་ ༣༢ ཡིན་པའི་ཝ་ལུན་དང་། ལོ་ ༢༨ ཡིན་པའི་ཀཱ་སོའུ་ཨོ་གཉིས་ལ་ལོ་ ༧ རེའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། ཕྱི་ལོ་ ༢༠༡༧ ཟླ་ ༩ ནང་འབར་མ་གཞུང་དམག་གིས་ཨིན་ཊིན་གྲོང་ཚོ་ (Inn Din) ནང་ཁ་ཆེ་བ་མི་ ༡༠ དམར་གསོད་བྱས་པའི་སྐོར་ལ་ཁོང་གཉིས་ཀྱིས་གནས་ཚུལ་འཚོལ་སྡུད་བྱེད་སྐབས། ཟ་ཁང་ཞིག་ཏུ་རྒྱུས་མེད་དམག་ཆས་གྱོན་པའི་མི་གཉིས་ཡོང་སྟེ། དམར་གསོད་བྱས་པ་དེའི་བདེན་དཔང་ཡིན་ཟེར་ནས་གཞུང་འབྲེལ་ཡིག་ཆ་འགའ་སྤྲད་ཡོད་པ་དང་། ཕྱིས་སུ་ཉེན་རྟོག་པས་གསར་འགོད་པ་དེ་གཉིས་ཀྱིས་གཞུང་འབྲེལ་གསང་བའི་ཡིག་ཆ་རྐུ་འཁྱེར་བྱས་པའི་ཉེས་མིང་འོག གནས་ཚུལ་དེ་བརྒྱུད་ལམ་དུ་མ་སྤེལ་གོང་ལ་གསར་འགོད་པ་གཉིས་འཛིན་བཟུང་བྱས་ཡོད་པ་རེད།

ཁྲིམས་ཐག་བཅད་རྗེས་གསར་འགོད་པ་ཝང་ལུན་གྱིས། ང་ལ་ཞེད་སྣང་སྤུ་ཙམ་ཡང་མི་འདུག རྒྱུ་མཚན་ནི་ངས་མི་མང་གི་གཞུང་ལ་གནོད་པའི་བྱ་བ་ཅི་ཡང་བྱས་མེད་པས་ཡིན་ལ། ང་དྲང་བདེན་དང་དམངས་གཙོ། རང་དབང་བཅས་ལ་ཡིད་ཆེས་བརྟན་པོ་ཡོད། ཅེས་དང་། གཞུང་གིས་ཆེད་དུ་མི་མངགས་ནས་ཁོང་གཉིས་ཉེས་མིང་འོག་ཏུ་ཚུད་བཅུག་ཡོད་པ་བརྗོད་འདུག

གནད་དོན་དབྱེ་ཞིབ་ཚོས་གསར་འགོད་པ་དེ་གཉིས་ལ་ཁྲིམས་ཐག་བཅད་པའི་གནད་དོན་གྱི་ཐོག་ནས་འབར་མ་ནང་གི་གསར་འགོད་རང་དབང་གི་གནས་སྟངས་གང་འདྲ་ཞིག་ཡིན་མིན་ཚོད་དཔག་བྱེད་ཐུབ་སྐོར་བརྗོད་དེ་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང་། ཁྲིམས་ཐག་མ་བཅད་གོང་གི་ཉིན་འགའི་སྔོན་ཡུལ་དེའི་གསར་འགོད་པ་བརྒྱ་ཕྲག་འགའ་རྫོང་ཁྲིམས་ཁང་གི་སྒོ་འགྲམ་དུ་འཛོམས་ཏེ་བཀག་ཉར་བྱས་པའི་གསར་འགོད་པ་གཉིས་མྱུར་དུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་། དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་དོན་གཉེར་ཅན་གྱི་ཚོགས་སྡེ་ཁག་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་འབར་མའི་ནང་གི་ཨ་རིའི་གཞུང་ཚབ་སོགས་ནས་གསར་འགོད་པ་དེ་གཉིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཀློད་གྲོལ་གཏོང་དགོས་པ་མ་ཟད། ཉེས་པ་གང་ཡང་མེད་པར་སྨྲ་བརྗོད་རང་དབང་འཕྲོག་ཏེ་བཙོན་འཇུག་བྱས་པ་གཞན་རྣམས་ཀྱང་ཀློད་གྲོལ་གཏོང་དགོས་སྐོར་འབོད་སྐུལ་གནང་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༩/༠༥

Leave a Reply