ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཚོ་རྒྱ་ནག་ལ་སེམས་པ་ཤོར།

རྒྱ་ནག་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་ཚོང་འབྲེལ་ལྷན་ཚོགས་ཐོག་ལྷོ་ཨ་ཧྥེ་རི་ཁའི་སྲིད་འཛིན་ནས་རྒྱ་ནག་གིས་དཔལ་འབྱོར་ཡར་རྒྱས་སུ་གཏོང་བར་དགའ་བསུ་ཡོད་ཀྱང་དཔལ་འབྱོར་གྱི་དབང་ཤུགས་གསར་པའི་མི་སེར་སྤེལ་བར་མོས་མཐུན་མེད་སྐོར་བརྗོད་འདུགཟླ་འདིའི་ཕྱི་ཚེས་ ༣ ནས་ཉིན་གྲངས་གཉིས་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ། རྒྱ་ནག་དང་ཨ་ཧྥེ་རི་ཁ་རྒྱལ་ཁབ་ཁག་གི་བར་ཚོང་ལས་མཉམ་འབྲེལ་གྱི་ལས་འཆར་ཚོགས་འདུ་ཞེས་པ་ཞིག་སྐོང་ཚོགས་བྱས་ཡོད་པ་དང་། ཐེངས་འདིའི་ལྷན་ཚོགས་ཐོག་ཨ་ཧྥེ་རི་ཁའི་རྒྱལ་ཁབ་སི་ཝཱ་ཛི་ལན་ཌི་(Swaziland)མ་གཏོགས་གཞན་རྒྱལ་ཁབ་ ༥༣ གྱི་སྐུ་ཚབ་མཉམ་ཞུགས་བྱས་ཡོད་པ་མ་ཟད། ཚོགས་ཐོག་ཏུ་རྒྱལ་ཁབ་ཚང་མས་རྒྱ་ནག་ལ་མཉམ་འབྲེལ་བྱས་ཏེ་སོ་སོའི་རྒྱལ་ཁབ་ཡར་རྒྱས་གཏོང་ཐབས་ལ་མོས་མཐུན་བྱས་ཡོད་སྐོར་བསྒྲགས་འདུག ལྷན་ཚོགས་ཐོག་མཉམ་ཞུགས་མ་བྱས་པའི་སི་ཝཱ་ཛི་ལན་ཌི་ནི་ཐའེ་ཝན་དང་ཕྱི་འབྲེལ་ཡོད་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་གཅིག་པུ་དེ་ཡིན་འདུག

ཚོགས་འདུ་མགོ་འཛུགས་ཀྱི་གཏམ་བཤད་སྐབས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས། མ་འོངས་ལོ་གསུམ་དང་ཡང་ན་དེ་ལས་མང་བའི་ནང་ཨ་ཧྥེ་རི་ཁ་དང་མཉམ་ལས་ཀྱི་གསར་གཏོད་གཙོ་བོ་༨ ལག་བསྟར་བྱས་པ་བརྒྱུད། ཨ་ཧྥེ་རི་ཁའི་ནང་དུ་ཞིང་ལས་ཆེད་མཁས་པ་ ༥༠༠ གཏང་སྟེ། རང་བྱུང་གོད་ཆག་གི་ཁྲོད་དུ་མནར་གཅོད་མྱོང་བཞིན་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཚོར་ཨ་སྒོར་ས་ཡ་༡༤༧ གྱི་ཟས་རིགས་རོགས་སྐྱོར་བྱ་རྒྱུ་དང་།  དེ་བཞིན་རྒྱ་ནག་དང་ཨ་ཧྥེ་རི་ཁའི་བར་མཉམ་ལས་འཛུགས་སྐྲུན་གྱི་ལས་འཆར་བསྒྲིག་སྟེ།  རྒྱ་ནག་གི་བཟོ་གྲྭ་ཚོས་ཨ་ཧྥེ་རི་ཁའི་མ་རྐང་བཟོ་ལས་ཡར་རྒྱས་ཀྱི་ཆ་ཤས་ལེན་རྒྱུ་དང་།  རྒྱ་ནག་ནང་མེད་པའི་ཚོང་རྫས་ཀྱི་རིགས་ཨ་ཧྥེ་རི་ཁ་ནས་ནང་འདྲེན་དང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་རྣམས་རྒྱལ་སྤྱིའི་ཕྱི་ནང་ཚོང་འདྲེན་ལ་ཞུགས་ཐུབ་པར་རྒྱབ་སྐྱོར་བྱ་རྒྱུ། དེ་བཞིན། ཨ་ཧྥེ་རི་ཁའི་ལྗང་མདོག་ཡར་རྒྱས་ཀྱི་ཕྱོགས་སུ་རོགས་སྐྱོར་གྱི་ལས་གཞི་ ༥༠ དང་། སྨན་དང་བདེ་ཐང་རོགས་སྐྱོར་ལས་གཞི་ ༥༠། བདེ་སྲུང་ཐད་རོགས་སྐྱོར་ལས་གཞི་ ༥༠ ཙམ་ལག་བསྟར་བྱ་རྒྱུ་དང་། གནམ་གཤིས་ཀྱི་འགྱུར་ལྡོག་དང་བསྟུན་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོབ་དང་། ཨ་ཧྥེ་རི་ཁའི་བྱེ་ཐང་ལ་སྔོན་འགོག་དང་སྟངས་འཛིན་བྱས་ཏེ་བདག་མེད་སེམས་ཅན་སྲུང་སྐྱོར་བྱ་རྒྱུ། གཞན་ཡང་།  ཨ་ཧྥེ་རི་ཁའི་སློབ་ཕྲུག་ལ་རྒྱ་སྒོར་ཁྲི་ ༥ ཡི་སློབ་ཡོན་རོགས་སྐྱོར་དང་། མི་གྲངས་ཁྲི་ ༥ ལ་ཟབ་སྦྱོང་གི་གོ་སྐབས་སྤྲོད་རྒྱུ། གཞོན་སྐྱེས་ ༢༠༠༠ རྒྱ་ནག་ལ་གཏང་སྟེ་ཉམས་མྱོང་བརྗེ་ལེན་བྱ་རྒྱུ་ཡིན་ལ། ལས་གཞི་དེ་ཚོ་གཅིག་ཕན་གཅིག་གྲོགས་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་ཐབས་ལམ་ཞིག་ཡིན་པ་ལས་ཆབ་སྲིད་ཀྱི་རྒྱབ་ལྗོངས་གང་ཡང་མེད་སྐོར་སོགས་བརྗོད་འདུག

ལྷན་ཚོགས་ཀྱི་མཇུག་སྡོམ་ཐོག་ཨ་ཧྥེ་རི་ཁའི་རྒྱལ་ཁབ་སི་ནེ་གྷིལ་(Senegal) གྱི་སྲིད་འཛིན་མ་ཁེ་སོལ་(Macky Sall) ཡིས། ང་ཚོས་རྒྱ་ནག་དང་ལྷན་དུ་མཉམ་འབྲེལ་བྱས་པའི་ལས་དོན་དང་བུ་ལོན་གྱི་དངུལ་རྩིས་རྣམས་གཞུང་གི་སྟངས་འཛིན་འོག་ཏུ་ཧ་ཅང་སྤུས་དག་པོས་སྒྲུབ་བཞིན་ཡོད་ལ། ཚང་མས་མཉམ་འབྲེལ་གྱི་ལས་གཞི་དེ་ཚོར་སྤྱི་ཚོགས་དཔྱད་བརྗོད་པའི་སྐྱོན་བརྗོད་ཀྱིས་བར་ཆད་མི་ཡོང་བ་བྱེད་དགོས་སྐོར་བརྗོད་འདུག

ལྷོ་ཨ་ཧྥེ་རི་ཁའི་སྲིད་འཛིན་ཁི་རེལ་ར་མ་ཕོ་སྰ་(Matamela Cyril Ramaphosa) ཡིས། ལྷན་ཚོགས་དེའི་གྲུབ་འབྲས་གཙོ་གྲས་གཅིག་ནི་འབད་བརྩོན་ཆེན་པོས་ཨ་ཧྥེ་རི་ཁའི་རིན་ཐང་ལྡན་པའི་ཚོང་རྫས་ཡར་རྒྱས་སུ་གཏང་སྟེ་རྒྱ་ནག་ལ་ཕྱིར་འདྲེན་གྱི་གྲོས་ཆོད་འཇོག་རྒྱུ་དེ་ཡིན་པ་དང་། ཨ་ཧྥེ་རི་ཁ་གླིང་ཕྲན་གྱིས་རྒྱ་ནག་གི་ཡར་རྒྱས་གཏོང་ཕྱོགས་ལ་དགའ་བསུ་བྱེད་ཀྱི་ཡོད་ཀྱང་། ཨ་ཧྥེ་རི་ཁའི་ནང་དུ་དཔལ་འབྱོར་གྱི་དབང་ཤུགས་གསར་པའི་མི་སེར་སྤེལ་བར་མོས་མཐུན་མེད་སྐོར་བརྗོད་འདུག

རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཇུས་ཆེན་གྱིས་འཛམ་གླིང་གི་ཡུལ་ལུང་མང་པོར་ཆབ་སྲིད་ཀྱི་ཧམ་བཟུང་ཡང་བྱེད་ཀྱི་ཡོད་པ་ལྟར། ཐེངས་འདིའི་ལྷན་ཚོགས་ཐོག་མཉམ་ཞུགས་བྱེད་མཁན་གྱི་རྒྱལ་ཁབ་ཚང་མས་ཐའེ་ཝན་ལ་གཞུང་འབྲེལ་མི་ཆོག་པ་བཟོས་ཡོད་པ་དང་། ཨ་ཧྥེ་རི་ཁའི་ནང་རྒྱ་ནག་ནི་མ་རྐང་འཛུགས་སྐྲུན་ཆེད་དཔལ་འབྱོར་འགྲོ་གྲོན་གཏོང་མཁན་གྱི་རྒྱལ་ཁབ་ཆེ་ཤོས་དེ་ཆགས་ཡོད་སྟབས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཚོ་ནམ་ཞིག་ལ་བུ་ལོན་སྤྲོད་མི་ཐུབ་པའི་གནས་སྟངས་འོག་ལྷུང་རྒྱུ་དང་། རང་བྱུང་ཁོར་ཡུག་དང་ཐོན་ཁུངས་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་རྒྱུ་ཡིན་པའི་སེམས་འཚབ་བྱེད་ཀྱི་ཡོད་འདུག

བསོད་ནམས་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༨/༠༩/༠༥

Leave a Reply