རྒྱ་གར་ནང་མཚན་མཐུན་དགའ་རོགས་ཁྲིམས་མཐུན་ཆགས།

རྒྱ་གར་གྱི་བཅའ་ཁྲིམས་དོན་ཚན་ ༣༧༧ པར་འགྱུར་བ་བཏང་སྟེ་མཚན་མཐུན་དགའ་རོགས་ཁྲིམས་མཐུན་གཏན་འབེབ་བྱུང་བ་ཡོངས་བསྒྲགས་བྱས།དེ་རིང་རྒྱ་གར་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཆེན་མོ་ལྔས་ཁ་གཅིག་གྲགས་ཀྱི་ཐོག་ནས་རྒྱ་གར་ནང་ལོ་ ༡༥༨ ལྷག་རིང་ཁྲིམས་འགལ་དུ་གྱུར་བའི་མཚན་མཐུན་དགའ་རོགས་ཁྲིམས་མཐུན་གཏན་འབེབ་བྱུང་བ་ཡོངས་བསྒྲགས་གནང་ཡོད་པ་དང་། རྒྱལ་ཡོངས་ཀྱི་མཚན་མཐུན་དགའ་རོགས་དང་རྒྱབ་སྐྱོར་བ་སྟོང་ཕྲག་མང་པོས་དགའ་བསུ་ཆེན་པོ་བྱེད་ཀྱི་འདུག

སྐབས་དེར་རྒྱ་གར་ཆེས་མཐོའི་ཁྲིམས་ཁང་གི་སྤྱི་ཁྱབ་ཁྲིམས་དཔོན་ཌི་པག་མི་སི་རཱ་(Dipak Misra)ལགས་ཀྱིས། དབྱིན་ཇིའི་སྐབས་མཚན་མཐུན་དགའ་རོགས་ཁྲིམས་འགལ་དུ་བརྩིས་པའི་བཅའ་ཁྲིམས་དོན་ཚན་ ༣༧༧ པ་ནི་གནས་ལུགས་དང་རྒྱུ་མཚན་ལྡན་པ་ཞིག་མིན་སྟབས། ང་ཚོས་མི་མང་ཡོངས་ལ་འདྲ་མཉམ་གྱི་ཁོར་ཡུག་བསྐྲུན་པའི་ཐོག་མི་སྒེར་གྱི་གདམ་གར་གུས་བརྩི་བྱེད་པ་ནི་རང་དབང་གི་སྙིང་པོ་ཡིན། ཞེས་བརྗོད་འདུག་ལ། རྒྱ་གར་རྒྱལ་ཡོངས་སུ་མཚན་མཐུན་དགའ་རོགས་ཀྱི་ཁྲིམས་རྩོད་པ་དང་། རྒྱབ་སྐྱོར་བ། དེ་བཞིན། མཚན་མཐུན་དགའ་རོགས་སྟོང་ཕྲག་མང་པོ་ཁྲོམ་གཞུང་དུ་ཐོན་ཏེ་གླུ་གར་ལ་རོལ་བ་དང་། ཕན་ཚུན་འཐམ་འཁྱུད་སོགས་བྱས་ནས་དགའ་མགུ་ཆེན་པོ་བྱེད་ཀྱི་ཡོད་འདུག

བཅའ་ཁྲིམས་དོན་ཚན་ ༣༧༧ པ་ནི་རྒྱ་གར་དབྱིན་ཇིའི་འོག་ཡོད་སྐབས་གཏན་འབེབ་བྱས་པ་ཞིག་ཡིན་ཞིང་། དེའི་ནང་དུ་མི་སུ་ཞིག་ཕོ་མོའི་རང་གཤིས་ལས་བརྒལ་ཏེ་མཚན་མཐུན་བར་དང་སེམས་ཅན་བཅས་ལ་འཁྲིག་སྤྱོད་བྱས་པ་ཡིན་ན། ཚེ་བཙོན་དང་ཡང་ན་རྒྱུ་མཚན་ལ་བརྟེན་ནས་ཉུང་མཐར་ཡང་ལོ་ ༡༠ བཙོན་འཇུག་ཁྲིམས་ཐག་གཅོད་རྒྱུ་དང་། དེ་བཞིན། དངུལ་གྱིས་ཉེས་ཆད་གཅོད་དགོས། ཞེས་གསལ་ཡོད་པ་དང་། སྤྱིར་བཏང་རྒྱ་གར་ནང་མཚན་མཐུན་དགའ་རོགས་དང་ཕོ་ལུས་མོ་ལོག་སོགས་མང་པོ་མཐོང་རྒྱུ་ཡོད་ཀྱང་ཁྲིམས་ཐོག་ནས་བཀག་སྡོམ་བྱས་པར་བརྟེན། ལོ་མང་རིང་མཚན་མཐུན་ཐོབ་ཐང་ལས་འགུལ་བ་དང་རྒྱབ་སྐྱོར་བ་མང་པོས་དཀའ་ལས་བརྒྱབས་པ་ལ་བརྟེན་ནས་ད་ལན་འབྲས་བུ་ཐོན་པ་ཞིག་ཆགས་ཡོད་འདུག

མཚན་མཐུན་དགའ་རོགས་ཁྲིམས་མཐུན་ཆགས་པ་ཙམ་མ་གཏོགས་མཚན་མཐུན་གཉེན་སྒྲིག་བྱ་རྒྱུ་ད་དུང་ཡང་ཁྲིམས་མཐུན་ཆགས་མེད་པ་དང་། ད་ལན་གྱི་འགྱུར་བ་དེ་ནི་མ་འོངས་པར་ཁ་ཕྱོགས་པའི་གོམ་སྟབས་དང་པོ་དེ་ཡིན་སྐོར་བརྗོད་ཀྱི་འདུག

དེ་རིང་ཆེས་མཐོའི་ཁྲིམས་ཁང་ནས་ཁྲིམས་མཐུན་ཡོངས་བསྒྲགས་གནང་རྗེས། ཁྲིམས་ཁང་གི་ཕྱི་རོལ་ཏུ་ཡོད་པའི་མཚན་མཐུན་ཐོབ་ཐང་བྷ་སི་མ་ཡ་ཀུ་མར་ཞེས་པ་ཞིག་གིས། དུས་ཡུན་རིང་པོར་འཐབ་རྩོད་བྱས་པའི་མཐར་རྒྱལ་ཁབ་འདིས་ང་ཚོ་ངོས་འཛིན་བྱས་སོང་བས། ངས་ད་ལྟ་རང་ཉིད་ཀྱི་ཚོར་བ་ཤུགས་ཆེ་དྲགས་ཏེ་འགྲེལ་བཤད་རྒྱག་ཤེས་མ་སོང་། ཞེས་བརྗོད་ཡོད་པ་དང་། ད་རེས་མཚན་མཐུན་དགའ་རོགས་ཁྲིམས་མཐུན་དུ་གྱུར་བར་གཞུང་འབྲེལ་དང་ཚོགས་སྡེ་ཁག་མང་པོས་དགའ་བསུ་ཞུ་བཞིན་ཡོད་འདུག

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་གར་ཆེས་མཐོའི་ཁྲིམས་ཁང་གི་ཐག་གཅོད་ལ་དགའ་བསུའི་འཕྲིན་ཡིག་ཅིག་བཏང་བའི་ནང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་གར་ནང་བཅའ་ཁྲིམས་དོན་ཚན་ ༣༧༧ པ་མེད་པར་བཟོས་ཏེ་མཚན་མཐུན་དགའ་རོགས་ཁྲིམས་མཐུན་བཟོས་པར་དགའ་བསུ་ཞུ་ཡི་ཡོད། འཛམ་གླིང་ནང་མཚན་མཐུན་འཁྲིག་སྤྱོད་དང་ཕོ་མོ་དབྱེ་བ་ཡོད་པ་ནི་མི་སྒེར་གྱི་ཆ་ཤས་ཤིག་ཆགས་ཡོད་པ་རེད། མཚན་མཐུན་འཁྲིག་སྤྱོད་དང་མཚན་མར་བརྟེན་ནས་བཅའ་ཁྲིམས་ཤིག་གིས་མི་དང་མིའི་བར་དབྱེ་འབྱེད་བྱེད་པ་ནི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པ་ཞིག་ཆགས་ཡོད། ཅེས་བརྗོད་ཡོད་འདུག

ད་ལོའི་ལོ་མགོར་མཚན་མཐུན་གཉེན་སྒྲིག་ལས་འགུལ་བ་ ༤ ཡིས་ས་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་ཏེ། དབུས་གཞུང་ལ་མཚན་མཐུན་དགའ་རོགས་ཁྲིམས་མཐུན་བཟོ་དགོས་སྐོར་ཞུ་གཏུག་བྱེད་སྐབས། དབུས་གཞུང་ནས་བཅའ་ཁྲིམས་དོན་ཚན་ ༣༧༧ པའི་ནང་གསལ་ལྟར་ན་མཚན་མཐུན་དགའ་རོགས་ཁྲིམས་མཐུན་མིན་སྐོར་བཤད་དེ་ཁྲིམས་ཁང་ནས་ཐག་གཅོད་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༩/༠༦

Leave a Reply

One thought on “རྒྱ་གར་ནང་མཚན་མཐུན་དགའ་རོགས་ཁྲིམས་མཐུན་ཆགས།