སྨན་རིའི་ཁྲི་འཛིན་ ༣༤  པ་གསེར་ཁྲི་མངའ་གསོལ་མཛད།

༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གསེར་ཁྲི་མངའ་གསོལ་གྱི་དགྱེས་སྟོན་ཆེན་མོ་ཉིན་གཉིས་རིང་ཚོགས།དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་གཤེན་བསྟན་སྨན་རིའི་གླིང་གི་གཙུག་ལག་ཁང་དུ། ༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་ཚོགས་བཞིན་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་དམིགས་བསལ་སྐུ་མགྲོན་ཏུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དེ་བཞིན་ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས་དང་གཡུང་དྲུང་བོན་གྱི་སྤྱི་འཐུས་རྣམ་གཉིས། ཆོས་བརྒྱུད་ཁག་གི་སྐུ་ཚབ། གཞན་ཡང་། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འཐུས་མི་དང་། སེར་སྐྱ་མི་མང་བཅས་འཛོམས་ཡོད་འདུགདམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་གྲུབ་མཚམས། སྲིད་སྐྱོང་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སྐབས། མདོ་སྔགས་སེམས་གསུམ་གྱིས་བསྡུས་པའི་གཡུང་དྲུང་གི་བོན་རིན་པོ་ཆེ་ནི་རང་ཅག་བོད་མི་རིགས་རྣམས་ཀྱི་ཕ་མེས་ཡང་མེས་ཀྱི་ཆོས་ལུགས་ཤིག་ཡིན། འདས་ཟིན་པའི་མི་ལོ་ ༡༨༠༠༠ གི་ཡར་སྔོན་ནས་བཟུང་ད་ལྟའི་བར་ཆག་འཇིག་དང་དར་འཕེལ་སོགས་སྣ་ཚོགས་ཤིག་བྱུང་ཡོད་ནའང་། ད་ལྟའི་བར་སྲ་བརྟན་དུ་གནས་ཐུབ་པ་འདི་བོན་གྱི་བསྟན་པ་འཛིན་པའི་སྐྱེས་ཆེན་རྣམས་ཀྱི་བཀའ་དྲིན་ལས་བྱུང་བ་ཞིག་དང་། ཁྱད་པར་དུ་ཕྱི་ལོ་ ༡༩༥༩ ལོར་རྒྱལ་བསྟན་སྤྱི་ལ་གོད་ཆག་བྱུང་ནས་ཆོས་ལུགས་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་བཙན་བྱོལ་དུ་འབྱོར་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་འཁྲིད་ལམ་སྟོན་འོག་བསྟན་པ་སླར་གསོ་བྱུང་བ་ཙམ་དུ་མ་ཟད། སྐབས་དེར་གཡུང་དྲུང་བོན་ལ་མཚོན་ན་བོན་གྱི་ཆོས་བརྒྱུད་འཛིན་པའི་བསྟན་འཛིན་གྱི་སྐྱེས་བུ་དུ་མ་ཞིག་བཙན་བྱོལ་དུ་ཕེབས་ཡོད་ནའང་། གཡུང་དྲུང་བོན་གྱི་བསྟན་པར་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་༣༣པ་མཆོག་དང་། ༧སྐྱབས་རྗེ་སྨན་རི་ཡོངས་འཛིན་སྨྲ་བའི་སེངྒེ་མཆོག་རྣམ་གཉིས་འདིར་ཕེབས་ཐུབ་པའི་བཀའ་དྲིན་ཞིག་ཀྱང་ཡིན། ཁྱད་པར་དུ་ཞིང་གཤེགས་དམ་པ་མཆོག་ཕྱི་ལོ་༡༩༦༠ དགུང་གྲངས་༣༢ཐོག་རྒྱ་གར་དུ་ཆིབས་སྒྱུར་བསྐྱངས་སྐབས་རང་གི་ཁ་ཕོར་ཙམ་འཁྱེར་དབང་མེད་ནའང་། བསྟན་དོན་ཁོ་ནར་དམིགས་ཏེ་གཡུང་དྲུང་བོན་གྱི་བཀའ་དང་བཀའ་བསྟན་གྱི་གསུང་རབ་གླེགས་བམ་ཕོན་ཆེན་ཞིག་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དགོན་སྡེ་ཁག་ནས་བཀའ་གཡར་མཛད་དེ། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཕྲུལ་པར་བཏབ་ནས་རྒྱལ་ཁབ་དུ་མའི་དཔེ་མཛོད་གྲགས་ཅན་དང་རིག་གཞུང་གི་བསྟི་གནས་རྣམས་སུ་འགྲེམས་སྤེལ་གནང་བ་དང་། གཡུང་དྲུང་བོན་གྱི་སྐོར་ལ་ཐུགས་སྣང་གནང་མཁན་རྣམས་དང་། ལྷག་པར་དུ་རྒྱལ་སྤྱིའི་ཐོག་བོད་དང་བོན་རིགས་པའི་ཞིབ་འཇུག་པ་རྣམས་ལ་ཉམས་ཞིབ་ཀྱི་མཐུན་རྐྱེན་བླ་མེད་དུ་བསྐྲུན་ཡོད། ཅེས་སོགས་གསུངས་ཡོད་འདུག༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་ཞིང་གཤེགས་མཆོག་དགོངས་པ་བོན་དབྱིངས་སུ་འཐིམས་ནས་མི་ལོ་ཧྲིལ་པོ་གཅིག་འཁོར་བའི་འདས་མཆོད་ཆེན་མོ་ཉིན་གཉིས་རིང་ཚོགས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༤ ཉིན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་རིན་པོ་ཆེ་མཆོག་དང་༧རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་རྣམ་པ་གཉིས་དབུས་པའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་བླ་སྤྲུལ་དགེ་བའི་བཤེས་གཉེན་འདུས་མང་རྣམས་འདུལ་ཁང་དང་སྐུ་གདུང་སོགས་ལ་སེར་འཕྲེང་བསྐོར་ནས་ཚོགས་ཁང་ཆེན་མོའི་མདུན་ཐང་དུ། ༧སྐྱབས་རྗེ་དཔོན་གསས་བླ་མ་ཞིང་གཤེགས་པའི་སྐུ་ཐང་དང་སྐུ་བརྙན་རིན་པོ་ཆེའི་མདུན་དུ་རིན་ཆེན་ལས་གྲུབ་པའི་རྣམ་ལྔ་རྣམ་བརྒྱད་རྟགས་བརྒྱད་ནོར་བདུན་མཎྜལ་སོགས་ཇི་སྙེད་མཆོད་པའི་ཡོ་བྱད་མ་ཚང་བ་མེད་པ་ཞིག་བཤམས་ནས་སེར་སྐྱ་མི་མང་ཡོངས་ཀྱི་མཎྜལ་ཚིག་བཤད་དང་སྐྱབས་རྗེ་ཞིང་གཤེགས་པའི་གསོལ་འདེབས་སོགས་དབྱངས་སུ་གྱེར་ནས་དངོས་འབྱོར་རྫས་དང་ཡིད་སྤྲུལ་ཏིང་འཛིན་སོགས་ཀྱི་སྒོ་ནས་མཎྜལ་ཕུལ་བ་དང་། ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་རིན་པོ་ཆེ་མཆོག་དང་༧རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་རྣམ་གཉིས་ཀྱིས་༧སྐྱབས་རྗེ་དཔོན་གསས་བླ་མ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་ཞིང་གཤེགས་མཆོག་སྐུ་ཚེ་གང་བོར་བསྟན་པ་དང་འགྲོ་བའི་དོན་དུ་མཛད་པ་འཕྲིན་ལས་བསྐྱངས་བའི་༼མཛད་བརྙན་མཐོང་གྲོལ་ཀུན་འདུས་༽ཞེས་པའི་བརྙན་དེབ་ཅིག་དང་། བོན་ཕྲུག་བདེ་དོན་སློབ་ཟུར་མཐུན་ཚོགས་ཀྱིས་ཡབ་རྗེ་དཔོན་གསས་བླ་མར་བཀའ་དྲིན་རྗེས་དྲན་མཚོན་དོད་དུ་རྩོམ་སྒྲིག་གནང་བའི་༼ཡབ་ཆེན་དཔོན་གསས་དྲན་པའི་འཕར་ཆེན་གྱི་རང་སྒྲ་༽ཞེས་པའི་སྙན་དེབ་ཅིག་བཅས་དབུ་འབྱེད་གནང་ཡོད་འདུག

གཞན་ཡང་། ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་རིན་པོ་ཆེ་མཆོག་ནས་༧སྐྱབས་རྗེ་དཔོན་གསས་བླ་མ་ཞིང་གཤེགས་པ་མཆོག་ཉིད་བོན་བསྟན་སྤྱི་ལ་མཛད་རྗེས་བླ་མེད་ཆེ་བའི་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་འཛམ་གླིང་བོན་འབངས་ཡོངས་རྫོགས་ཀྱི་ཚབ་གནང་སྟེ་༼གྱེར་བསྟན་མེ་རོ་སློང་བའི་སྙིགས་དུས་བོན་གྱི་གཉེར་དཔོན་ཆེན་མོའི་༽གཟེངས་བསྟོད་ཕུལ།  ཕྱི་དྲོའི་ཕྱག་ཚོད་༤པའི་ཐོག་སེར་སྐྱ་མི་མང་ཡོངས་ལ་༧སྐྱབས་རྗེ་ཞིང་གཤེགས་དམ་པ་མཆོག་གི་༼གཟིམ་ཆུང་འོད་འབར་རྗེས་དྲན་དད་རྟེན་ཁང་༽དུ་བཞེངས་པའི་སྐུ་བརྙན་༼དཔོན་གསས་ང་འདྲ་མ་༽དང་། གསེར་གདུང་༼བྱིན་རླབས་གཏེར་ཆེན་མ་༽། དེ་བཞིན་དཔོན་གསས་བླ་མ་༧སྐྱབས་རྗེ་ཞིང་གཤེགས་པའི་རིང་སྲེལ་དང་གདུང་རུས་དང་། སྐུ་འཚོ་བཞུགས་སྐབས་ཀྱི་ཕྱག་ཆས་སོགས་སེར་སྐྱ་མི་མང་ཡོངས་ལ་སྤྱན་བསྟར་མཇལ་ཁ་གནང་། དགོང་མོར་ཚོགས་ཁང་ཆེན་མོའི་མདུན་ཐང་དུ་མཆོད་པ་དང་མཎྜལ། རྣམ་ལྔ་སོགས་འདེགས་འབུལ་ཞུས་རྗེས་འདུལ་ཁང་དང་སྒྲུབ་ཁང་བླ་བྲང་བཅས་སུ་རིམ་པར་གཤེན་རབ་མཆོད་རྔས་མཆོད་པ་ཕུལ་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༩/༠༧

Leave a Reply

2 thoughts on “སྨན་རིའི་ཁྲི་འཛིན་ ༣༤  པ་གསེར་ཁྲི་མངའ་གསོལ་མཛད།

  1. གདུང་རྒྱུད་དང་སྤྲུལ་སྐུའི་ལམ་ལུགས་ལས་འདི་ཤིན་ཏུ་ལེགས་སྟེ། ཆོས་འཇིག་རྟེན་གཉིས་གར་མཐུན་ཞིང་འདྲ་མཉམ་གྱི་ལས་ཀ་ཆེན་པོ་ཞིག་རེད། རྗེས་སུ་ཡི་རངས་དང་ཁྲི་འཛིན་མཆོག་གི་ཐུགས་བཞེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ།།

  2. སྲས་སྐུ་ངོ་།

    ཁོང་ཚང་ལ་རྟེན་འབྲེལ་ཞུ། སྤྲུལ་སྐུ་མེད་པ་དང་ཐིགས་ལེ་ཡར་འདྲེན་མེད་པ་ངོ་མ་ཧ་ལས་བ་རེད།