རྡོ་རྗེ་བླ་མས་ཨ་ཞང་ལ་གྲིས་བཙུགས་ནས་བསད།

ལོ་ན་ ༨༧ ཡིན་པའི་བསྟན་འཛིན་བླ་མ་ཟེར་བ་ཞིག་ལ་ཁོ་རང་གི་ཚ་བོ་རྡོ་རྗེ་བསྟན་འཛིན་བླ་མའི་གཙོས་མི་ ༥  ནས་གྲི་ཡིས་བརྒྱབས་ཏེ་བསད་ཡོད་འདུག

རྒྱ་གར་གྱི་(Mid-Day)ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱ་གར་མོམ་བྷེ་གྲོང་ཁྱེར་ཉེན་རྟོག་པས་བགྲེས་པོ་ཞིག་བསད་པའི་དོགས་གཞིའི་འོག་རང་ལོ་ ༢༩ ཡིན་པའི་རྡོ་རྗེ་བསྟན་འཛིན་བླ་མ་ཟེར་བ་ཞིག་དང་། ལག་རོགས་གཞན་བཞི་བཅས་འཛིན་བཟུང་བྱས་ཡོད་པ་དང་།  གྲིས་བརྒྱབས་ནས་བསད་པའི་ལོ་ན་ ༨༧ ཡིན་པའི་ཨ་ཇ་བསྟན་འཛིན་བླ་མ་(Aja Tenzing Lama)ནི་རྡོ་རྗེ་བསྟན་འཛིན་བླ་མའི་ཨ་ཞང་ཡིན་པ་དང་། ཁོང་གཉིས་བོད་རིགས་ཡིན་སྐོར་གསར་འགྱུར་དེའི་བསྒྲགས་འདུག

ཟླ་འདིའི་ཕྱི་ཚེས་ ༤ ཉིན་ཨ་ཇ་བསྟན་འཛིན་བླ་མའི་ཚ་བོ་རྡོ་རྗེ་བསྟན་འཛིན་བླ་མའི་གཙོས་མི་ ༥ ཡིས་བགྲེས་སོང་དེར་གྲིས་བརྒྱབས་རྗེས། ས་གནས་ཉེན་རྟོག་པས་སྨན་ཁང་དུ་འཁུར་ཡོད་ཀྱང་སྨན་བཅོས་བྱེད་ཁོམ་མ་བྱུང་བར་འདས་གྲོངས་སུ་ཕྱིན་ཡོད་འདུག

ཉེན་རྟོག་པས་རྡོ་རྗེ་བསྟན་འཛིན་བླ་མ་ཟེར་བ་དེ་དང་ལག་རོགས་བཅས་མི་ལྔ་འཛིན་བཟུང་བྱས་ཏེ་འདྲི་གཅོད་བྱེད་སྐབས། རྡོ་རྗེ་ཟེར་བ་དེས་ལོ་ངོ་ ༢༥ ཡར་སྔོན་དུ་ཨ་ཞང་བསྟན་འཛིན་བླ་མས་ཁོ་རང་གི་སྤུན་མཆེད་བུ་མོ་ཞིག་ལ་བཙན་གཡེམ་བཏང་བར་དགྲ་ཤ་ལེན་ཆེད་དུ་གྲིས་བརྒྱབས་པ་ཡིན་སྐོར་བརྗོད་ཡོད་འདུག་ལ། ཉེན་རྟོག་པས་རྒྱུས་ལོན་བྱུང་བ་ལྟར་ན། རྡོ་རྗེ་བསྟན་འཛིན་བླ་མར་བཟའ་ཟླ་དང་བྱིས་པ་བཅས་ཡོད་པ་དང་། ཨ་ཞང་བསྟན་འཛིན་བླ་མའི་དངུལ་ལ་བརྟེན་ནས་ཁྱིམ་ཚང་གི་འཚོ་བ་སྐྱེལ་བཞིན་ཡོད་འདུག

མོན་བྷེ་(MRA Marg)ཉེན་རྟོག་ཁང་གིས། རྡོ་རྗེ་ཡིས་ལོ་ན་ ༡༩ ཡིན་པའི་རང་ཉིད་ཀྱི་གྲོགས་པོ་ཨོ་ཊ་ཁར་ཤི་(Utkarsh)དང་། ཨར་ཇིལ་ཌི་ནལ་བྷི་སི་(Arjel Daniel Bhise)རང་ལོ་ ༢༢། ཇའེ་ཤི་(Jayesh)ལོ་ ༡༩། ཨན་ན་ཌི་རེའེ་(Anand Dilip Rai)རང་ལོ་ ༢༡ ཡིན་པ་བཅས་ནས་ཨ་ཞང་བསྟན་འཛིན་བླ་མ་གསོད་རོགས་བྱས་ཚེ། མི་རེར་ཧིན་སྒོར་འབུམ་ ༡།༥ རེ་སྤྲོད་རྒྱུ་ཡིན་པ་ཁས་ལེན་བྱས་ཡོད་པར་བརྟེན། ཁོ་ཚོ་ཚང་མས་ནག་ཉེས་བཟོས་ཡོད་སྐོར་དང་། རྡོ་རྗེ་བསྟན་འཛིན་བླ་མས་ཁྲིམས་འགལ་རིགས་བཞི་བྱས་ཡོད་པ་དང་། ཁོའི་ལག་རོགས་ཚོས་ཀྱང་དེ་སྔོན་ཁྲིམས་འགལ་ནག་ཉེས་བཟོས་ཡོད་སྐོར་བརྗོད་འདུག

རྒྱ་གར་གྱི་(Mid-Day)གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ཨ་ཇ་བསྟན་འཛིན་བླ་མར་(Buddha-Tibetian & Co)ཞེས་པའི་བཟོ་གྲྭ་ཞིག་ཡོད་སྐོར་བརྗོད་འདུག་ཀྱང་། དེས་བོད་མི་དང་འབྲེལ་བའི་ལས་ཀ་ག་རེ་བྱེད་ཀྱི་ཡོད་མེད་སོགས་ཁ་གསལ་མེད་པ་དང་། མོན་བྷེ་གྲོང་ཁྱེར་གྱི་བོད་མི་ཚོ་བྷན་དྷ་ར་གཞིས་ཆགས་ཀྱི་ཁོངས་སུ་གཏོགས་ཀྱི་ཡོད་སྟབས། འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བྷན་དྷ་ར་གཞིས་མགོར་བསྟན་འཛིན་བླ་མའི་གནས་ཚུལ་དེའི་སྐོར་ཤེས་རྟོགས་ཡོད་མེད་སྐད་ཆ་དྲིས་བར། མོམ་བྷེ་སུད་ཚོང་དང་འབྲེལ་བའི་ཐོག་ནས་ང་ཚོའི་ཁོངས་གཏོགས་རེད། འོན་ཀྱང་། ང་ཚོ་དང་རྒྱང་ཐག་རིང་པོ་ཡིན་སྟབས། བསྟན་འཛིན་བླ་མའི་སྐོར་གྱི་གནས་ཚུལ་གང་ཡང་ཤེས་མ་སོང་། ཞེས་བརྗོད་བྱུང་།

བསྟན་འཛིན་བླ་མ་མོན་བྷེའི་ལྷོ་རྒྱུད་ཀྱི་གྷོ་ཝ་སྲང་ལམ་སན་ཊི་ནེ་ཝ་སི་(Sant Niwas, Gao Street)ཞེས་པར་གནས་སྡོད་བྱེད་ཀྱི་ཡོད་པ་དང་། ཁོ་ལ་ཌོམ་བྷེ་ཝིལ་(Dombivali)དང་ཁན་ཌི་ཝ་ལི་(Kandivali)ནང་ཁང་པ་གཉིས་ཡོད་པ་མ་ཟད། མོན་བྷེ་ཁོ་ལ་བྷ་(Colaba)ཁྲོམ་གཞུང་དུ་སྲང་ལམ་ཚོང་ཁང་ ༣ ཡོད་པ་བོགས་མར་བཏང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༩/༠༧

Leave a Reply

4 thoughts on “རྡོ་རྗེ་བླ་མས་ཨ་ཞང་ལ་གྲིས་བཙུགས་ནས་བསད།

  1. བལ་ཡུལ་མི་སེར་ཡིན་མཁན་རྟ་མང་དང་ཤར་པ།ཡང་ན་བླ་མ་སོགས་འབོད་ཡོད་པ་ལས་།བོད་པ་རང་ཡིན་མིན་ཐལ་འཚོམ་ཞིག་ཏུ་གྱུར།

  2. བསྟན་འཛིན་བླ་མ་ཟེར་བའི་མི་འདིའི་མིང་གི་རྔ་མ་ན་བླ་མ་སྦྱར་བ་ནི། ནོད་རིགས་མིན་པ་ཐག་གཅོད་རེད།
    བོད་རིགས་ཀྱི་མིང་གི་མཇུག་ཏུ་བླ་མ་སྦྱར་དགོས་པའི་རྒྱུ་མཚན་ཅི་ཞིག་ཡོད། གཉིས་ནས་བལ་ཡུལ་གྱི་རྟ་མང་མི་རིགས་དང་། དེ་མི་་ཧི་མ་ལ་ཡུའི་རི་རྒྱུད་
    ན་གནས་པའི་མི་རིགས་དེའི་ཚོའི་མིང་གི་མཇུག་ན་བླ་མ་སྦྱར་སྲོལ་ཡོད། གསར་འགྱུར་འགོད་ན་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་གནང་དགོས།
    དེ་མིན་གང་བྱུང་བྲིས་ན་རྙོག་དྲ་ཡོང་ངེས།