ཨ་མ་ལྡོམ་པོ་སྐྱིད་ལགས་འདས་གྲོངས་སུ་ཕྱིན།

བོད་དོན་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཨ་མ་ལྡོམ་པོ་སྐྱིད་ལགས་མདང་དགོང་རང་ཤག་ནས་གློ་བུར་དུ་འདས་གྲོངས་སུ་ཕྱིན་ཡོད་འདུགཕྱི་ལོ་ ༢༠༡༢ ལོའི་གསུམ་བཅུའི་དུས་དྲན་ཉིན་མོ་དང་བསྟུན། གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་རྒྱ་གཞུང་ལ་དགོས་འདུན་དོན་ཚན་  ༥ བཏོན་ཏེ། བཞུགས་སྒར་དྷ་རམ་ས་ལ་ནས་མགོ་འཛུགས་ཀྱིས་བོད་ནང་ཞི་བའི་གོམ་བགྲོད་གནང་ཡོད་པ་དང་། ཁོང་མ་བུ་གསུམ་གྱིས་ཏག་ཏག་ཟླ་ ༢ རིང་གོམ་བགྲོད་བྱས་ཏེ་རྒྱ་བལ་ས་མཚམས་སུ་འབྱོར་སྐབས། བལ་ཡུལ་མཐའ་སྲུང་དམག་གིས་གཅར་རྡུང་བཏང་སྟེ་བཙན་གྱིས་ཕྱིར་འཕུད་བཏང་ཡོད་པ་དང་། དེ་ནས་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཨ་མ་ལགས་དང་གཅུང་མོ་གཉིས་མགྲོན་ཁང་ཞིག་ཏུ་བཞག་ནས་མཚན་མོ་ཞིག་ལ་ཁོ་རང་གཅིག་པུ་བལ་ཡུལ་ནང་བསྐྱོད་ཡོད་སྟབས། མ་སྨད་གཉིས་ཕྱིར་དྷ་རམ་ས་ལར་མ་ལོག་ཐབས་མེད་ཆགས། བཞུགས་སྒར་དུ་འབྱོར་བའི་ཉིན་མོ་ནས་བཟུང་ཨ་མ་ལྡོམ་པོ་སྐྱིད་ལགས་ཀྱིས་སྔ་གཞུག་ཏུ་ཐེངས་འགར་ཟས་བཅད་ངོ་རྒོལ་དང་། རྐྱང་ཕྱག་འཚལ་བའི་ལས་འགུལ་སྤེལ་ཏེ་ཁོང་མ་བུ་གསུམ་གྱིས་རྒྱ་གཞུང་ལ་བཏོན་པའི་དགོས་འདུན་དོན་ཚན་ལྔ་ལག་བསྟར་ཡོང་བར་འབད་བརྩོན་གནང་ཡོད་པ་རེད།

ཁོང་མ་བུ་གསུམ་གྱིས་རྒྱ་གཞུང་ལ་བཏོན་པའི་དགོས་འདུན་དོན་ཚན་ལྔ་ནི། དང་པོ་ཆ་རྐྱེན་གང་ཡང་མེད་པར་༧གོང་ས་མཆོག་ཕྱིར་བོད་ནང་དུ་ཕེབས་སུ་འཇུག་དགོས། གཉིས། ཆ་རྐྱེན་གང་ཡང་མེད་པར་༧པན་ཆེན་ཆུང་སྲིད་རིན་པོ་ཆེས་གཙོས་བོད་ཀྱི་ཆབ་སྲིད་བཙོན་མ་རྣམས་གློད་བཀྲོལ་གཏོང་དགོས། གསུམ། བོད་མིར་རང་གི་སྐད་དང་ཡི་གེ་སྦྱོང་རྒྱུར་རང་དབང་སྤྲོད་དགོས། བཞི། བོད་མིར་རང་ཡུལ་གྱི་ཆོས་གོས་དང་། གོམས་གཤིས་སོགས་རང་དབང་ཆ་ཚང་སྤྲོད་དགོས། ལྔ། ད་ལྟ་བོད་ནང་དུ་སྡུག་སྦྱོང་དང་། མནར་གཅོད་གཏོང་མཁན་རྒྱ་ནག་གི་དམག་མི་ཡོངས་རྫོགས་བོད་ནས་ཕྱིར་འཐེན་བྱེད་དགོས་བཅས་རེད།གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ནས་བོད་སྐྱོད་ཞི་བའི་གོམ་བགྲོད་ཐེངས་གཉིས་པ་བྱས་ཏེ་ཀ་ལོམ་སྤུག་ནས་གར་ཡོད་ཅི་བྱུང་མེད་པར་གྱུར་ནས་ལོ་ངོ་ ༥ ལྷག་ཕྱིན་པའི་རིང་། ཨ་མ་ལྡོམ་པོ་སྐྱིད་ལགས་ནས་ཉིན་མཚན་དབྱེར་མེད་ཀྱིས་མིག་ཆུ་གཏོང་བཞིན་བུ་གླིང་ཚ་ཚེ་བརྟན་རྡོ་རྗེ་འཆི་གསོན་གང་ཡིན་གྱི་གནས་ཚུལ་ཞིག་གོ་ཐོས་ཡོང་བར་སྒུག་ནས་བསྡད་པ་རེད།

གླིང་ཚ་ཚེ་བརྟན་རྡོ་རྗེ་གར་ཡོད་ཅི་བྱུང་མེད་པར་གྱུར་རྗེས། ཨ་མ་ལྡོམ་པོ་སྐྱིད་ལགས་བཟའ་ཟླ་གཉིས་བོད་ལ་ལོག་རྩིས་གནང་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཁྱོ་ག་གཅིག་པུ་མ་གཏོགས་ཨ་མ་ལྡོམ་པོ་སྐྱིད་ལགས་དང་བུ་མོ་ལྷ་མོ་སྐྱིད་གཉིས་ལ་ཐོངས་མཆན་མ་སྤྲད་པར་བརྟེན། ཁོང་མ་སྨད་གཉིས་རྒྱ་གར་ནང་མུ་མཐུད་གནས་སྡོད་བྱེད་དགོས་བྱུང་བ་རེད།

བསྐྱར་བཅོས།: ༢༠༡༨/༠༩/༠༧

Leave a Reply

8 thoughts on “ཨ་མ་ལྡོམ་པོ་སྐྱིད་ལགས་འདས་གྲོངས་སུ་ཕྱིན།

  1. བོད་ཀྱི་དུས་བབ་གསར་འགྱུར་ལས་ཁུངས་ཀྱི་གསར་འགོད་པ་ཚོས་རེས་གཟའ་ཉི་མ་གཏོང་གི་ཡོད་ས་རེད། བཙན་བྱོལ་ནང་གི་གསར་ཁང་དང་འགོད་པ་འདི་ཚོ་གསར་འགོད་པ་ངོ་མ་ཞིག་རེད་དམ།

  2. གཞུང་པ་ཚེ་དབང་བསོད་ནམས་

    བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱིས་དོན་དུ་བུ་གར་སོང་ཆ་མེད་དུ་རྒྱུར་པ་དང་མ་འདས་གྲོང་དུ་
    ཕྱིན་པ་བློ་ཕམ་གྱིས་གནས་ཚུལ་ཞིག་ཡིན་ན་དབུས་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་དང་
    གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་ནས་དེ་སྔོན་གླིང་ཚ་རྡ་ས་ནས་རྒྱ་བལ་ས་མཚམས་བར་
    ཕེབས་རྫོང་གནང་མཁན་གྱིས་ཚོགས་སྐྱིད་ཁག་ནས་ཁོང་མ་བུའི་གནས་སྟངས་ལ་ཐུགས་སྣང་དང་
    འགན་འཁུར་དགོས་པ་དེ་ཚེ་འདི་ཕྱི་དང་ལས་རྒྱུ་འབྲས་ཁྲེལ་ངོ་ཚ་ཟེར་བའི་བོད་མི་རིགས་ཀྱིས་བཟང་
    སྤྱོད་རིག་གཞུང་ལ་ང་ཚོའི་འགན་འཁུར་དགོས་པ་དེ་གལ་ཆེན་དོན་ཆེན་མིན་པ་ཡིན་ནམ་།

  3. བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།། གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། ། དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །མདོར་ན་མགོན་པོ་སྤྱན་རས་གཟིགས་དབང་གིས། །སྲས་ བཅས་རྒྱལ་བའི་སྤྱན་སྔར་གངས་ཅན་ཞིང་། །ཡོངས་བཟུང་རྒྱ་ཆེན་སྨོན་ལམ་གང་མཛད་པའི།།འབྲས་བཟང་དེང་འདིར་མྱུར་དུ་འཆར་བར་གསོལ། །