མཚོ་སྔོན་ཞིང་ཆེན་དགོན་ལུང་རྫོང་མི་མང་ཁྲིམས་ཁང་ཟེར་བ་དེས་ཉིན་གྲངས་ ༢ རིང་ཁྲིམས་བཤེར་བྱས་ཏེ་བོད་མི་གཙོ་བོར་གྱུར་བའི་དཔའ་ལུང་རྫོང་གི་ཡུལ་མི་ ༡༣ ལ་ཁྲིམས་ཐག་བཅད་ཡོད་འདུག
མཚོ་སྔོན་ཞིང་ཆེན་མཐོ་རིམ་ཁྲིམས་ཁང་ནས་གནས་ཚུལ་བསྒྲགས་པ་ལྟར་ན། སྲིད་གཞུང་གི་བྱ་བར་འགོག་རྐྱེན་བཟོས་པ་དང་ཉེན་རྟོག་པར་དྲག་རྒོལ་བྱས་པའི་ཉེས་མིང་འོག ཟླ་འདིའི་ཕྱི་ཚེས་ ༤ ཉིན། མཚོ་སྔོན་ཞིང་ཆེན་དགོན་ལུང་རྫོང་མི་མང་ཁྲིམས་ཁང་(互助县人民法院)ཟེར་བ་ནས་དཔའ་ལུང་རྫོང་ཁོངས་ནས་ཡིན་པའི་བོད་མི་པདྨ་དང་རྡོ་རྗེ་ཞེས་པ་སོགས་ཡུལ་མི་ ༡༣ ལ་་ཁྲིམས་ར་བསྡུས་ཏེ་ཁྲིམས་བཤེར་ཉིན་གཉིས་རིང་བྱས་ཡོད་པ་དང་། ཆུ་ཚོད་ངེས་གཏན་ནང་ཡུལ་མི་དེ་དག་གི་ཁྲིམས་ཆད་ཕྱིར་བསྒྲགས་བྱ་རྒྱུ་ཡིན་ལུགས་བརྗོད་འདུག
ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡ ཉིན། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་ཆུའི་ལས་ཁུངས་ཀྱིས་དགའ་ཡུལ་ཚོའི་གཞི་རྩ་སྡེ་བ་དང་། སྟག་ཚང་ཡུལ་ཚོའི་སྐྱིད་རྒྱ་སྡེ་བ་བཅས་བོད་མི་འདུས་སྡོད་ཀྱི་སྡེ་བ་གཉིས་ནས་རྒྱུན་དུ་བེད་སྤྱོད་གཏོང་བཞིན་པའི་རྒྱུགས་ཆུ་དེ་སྟག་ཚང་ཡུལ་ཚོའི་འུན་རྒྱ་སྡེ་བར་ཁ་བསྒྱུར་བའི་ལས་གཞི་སྤེལ་བར་བརྟེན། བོད་རིགས་སྡེ་བ་གཉིས་ནས་ཁོང་ཚོ་ལའང་ཆུ་འདང་ངེས་མེད་པས་ཆུ་ཁ་བསྒྱུར་མི་ཆོག་ཅེས་བཀག་འགོག་བྱས་རྐྱེན། བོད་མི་དང་རྒྱ་ཁ་ཆེའི་སྡེ་བ་གཉིས་བར་འཁྲུག་འཛིང་ཤོར་ཡོད་པ་དང་། དེ་ནས་དཔའ་ལུང་རྫོང་སྲིད་གཞུང་གིས་དམག་མི་མང་པོ་ཆེད་གཏོང་གིས་སྲིད་གཞུང་གི་བྱ་བར་འགོག་རྐྱེན་བཟོས་པའི་ཉེས་མིང་འོག་དྲག་གནོན་བྱེད་སྐབས། ཉེན་རྟོག་པ་དང་ཡུལ་མིའི་བར་འཁྲུག་འཛིང་ཤོར་ཡོད་པ་དང་། སྐབས་དེར་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཉེན་རྟོག་པས་གང་བྱུང་ཡུལ་མི་མང་པོར་གཅར་རྡུང་བཏང་སྟེ་རྨས་སྐྱོན་ཕོག་ནས་ཛ་དྲག་ངང་སྨན་ཁང་དུ་བསྐྱལ་དགོས་བྱུང་བ་དང་། ལས་འགུལ་བ་ཁག་ཅིག་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པར་བརྟེན། ས་གནས་མི་མང་ནས་འཛིན་བཟུང་འོག་ཡོད་པའི་ཡུལ་མི་རྣམས་འཕྲལ་དུ་ཀློད་གྲོལ་དགོས་པ་དང་། གནད་དོན་དྲང་བདེན་གྱི་ཐོག་ནས་ཐག་གཅོད་ལེགས་པོ་དགོས་པའི་རེ་སྐུལ་ཞུས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།
ད་ལན་གཞུང་ཕྱོགས་ནས་སྤེལ་བའི་གནས་ཚུལ་ནང་དུ། ཉེན་རྟོག་དམག་མིས་རྙོག་ཟིང་གཙང་བཟོ་བྱེད་སྐབས་བོད་མི་པདྨ་དང་རྡོ་རྗེ་ཞེས་པ་སོགས་ཀྱིས་རྡོ་ཡིས་གཞུས་ཏེ་ཉེན་རྟོག་པ་ ༢༠ ལྷག་ལ་རྨས་སྐྱོན་བཟོས་པ་དང་། ཉེན་རྟོག་པའི་རླངས་འཁོར་ལ་ཚད་འདྲ་མིན་གྱི་གཏོར་སྐྱོན་བཟོས་ཡོད་པར་བརྟེན། ཉེན་རྟོག་པར་དྲག་རྒོལ་བྱས་པ་དང་། ཉེན་རྟོག་ཕྱོགས་ནས་ཁྲིམས་ལྟར་ལས་འགན་ལག་བསྟར་བྱེད་པར་འགོག་རྐྱེན། སྤྱི་དོན་ལ་གནོད་སྐྱོན་བཟོས་པར་བརྟེན། སྲིད་གཞུང་གིས་ཉེས་དོན་ཚབས་ཆེན་དུ་བརྩིས་ནས་ཡུལ་མི་ ༡༣ ལ་ཁྲིམས་ར་བསྡུས་ཡོད་སྐོར་བསྒྲགས་འདུག
ཡང་གཞུང་ཕྱོགས་ཀྱི་གནས་ཚུལ་ནང་། ཁྲིམས་བཤེར་སྐབས་ས་གནས་དམངས་ཆེན་འཐུས་མི་དང་སྲིད་གྲོས་ཀྱི་འཐུས་ཚབ། དེ་བཞིན་དཔའ་ལུང་རྫོང་ཉེན་རྟོག་ཁང་གི་ལས་བྱེད་དང་ཡུལ་མི་ ༡༣ དེའི་ནང་མི་གཉེན་འབྲེལ་བཅས་ཟུར་ཉན་དུ་སྐད་བཏང་ཡོད་པ་མ་ཟད། དུས་གཅིག་ལ་མི་མང་པོར་ཁྲིམས་ཐག་གཅོད་ཀྱི་ཡོད་སྟབས། སྤྱི་ཚོགས་ནང་ཤུགས་རྐྱེན་ཆེ་ཞིང་ཉེས་དོན་རྙོག་ཟིང་ཆེ་བར་བརྟེན། ཞིབ་བཤེར་སྟངས་འཛིན་དང་ལྟ་སྲུང་གི་བྱ་བར་ཧ་ཅང་དོ་ནན་བྱས་ཏེ། ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་ ༤༥ ཆེད་དུ་གོ་སྒྲིག་བྱས་ཡོད་སྐོར་བརྗོད་འདུག