རྒྱ་གར་གཞུང་ནས་རིན་པོ་ཆེ་མཆོག་ལ་དོགས་པ་གང་ཡང་མེད་ཟེར།

རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་བོད་དོན་སློབ་སྟོན་པས་རྒྱ་གར་གཞུང་ནས་༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ལ་དོགས་པ་གང་ཡང་མེད་པས་དུས་ལ་བསླེབ་ན་ཁོང་ཕྱིར་ཕེབས་རྒྱུ་ཡིན་སྐོར་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན། རྒྱ་གར་བང་ཆེན་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་བོད་དོན་སློབ་སྟོན་པ་སྐུ་ཞབས་ཨཱ་མེཊ་བྷ་མཱ་ཐར(Amitabh Mathur)ལགས་ཀྱིས། རྒྱ་གར་གཞུང་ནས་༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ལ་དོགས་པ་གང་ཡང་མེད་ལ། ཁོང་གི་བོད་དོན་འཐབ་རྩོད་ཀྱི་ཐུགས་སྐྱེད་དམ་བཅར་བློ་དོགས་མེད་ཀྱང་། ཁོང་ཕར་ཚུར་ཕེབས་སྐབས་སྐུའི་བདེ་འཇགས་སྲུང་སྐྱོབ་ལ་གྲ་སྒྲིག་ཡོང་ཆེད་རྒྱ་གར་གཞུང་ལ་སྙན་གསེང་ཞུ་དགོས་པ་ལས་ཆོག་མཆན་ཞུ་དགོས་ཀྱི་མེད་སྐོར་གསུངས་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གི་དྲུང་ཡིག་ཀརྨ་རྣམ་རྒྱལ་ལགས་སུ། རྒྱ་གར་གཞུང་ནས་མཚུར་ཕུ་བླ་བྲང་ལ་གནས་ཚུལ་དེའི་སྐོར་གྱི་ཡི་གེ་འདྲ་འབྱོར་ཡོད་མེད་སོགས་དྲིས་པར་ཁོང་གིས། ཁ་སང་རྒྱ་གར་བང་ཆེན་ཚགས་པར་ནང་དེ་ལྟ་བུའི་གནས་ཚུལ་ཞིག་ཐོན་ཡོད་ན་ཡང་། ང་ཚོར་དེ་འདྲའི་ཡི་གེ་སོགས་གང་ཡང་འབྱོར་མ་སོང་། སྤྱིར་སྐད་ཆ་དེ་བཤད་མཁན་ཡང་རང་ག་བ་ཞིག་མ་ཡིན་པར་རྒྱ་གར་ནང་སྲིད་ཀྱི་བོད་དོན་སློབ་སྟོན་པ་ཡིན་པ་རེད། གནས་ཚུལ་ནང་༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་རྒྱ་གར་ནང་ཕར་ཚུར་ཕེབས་པར་ཆོག་མཆན་གང་ཡང་དགོས་པ་མ་རེད། ཡིན་ན་ཡང་སྐུའི་བདེ་འཇགས་ཆེད་དུ་སྙན་སེང་ཞུ་དགོས་པ་རེད་ཅེས་བརྗོད་འདུག གལ་ཏེ་གནས་ཚུལ་དེ་བདེན་པ་ཡིན་ན་གནས་ཚུལ་ཡག་པོ་ཞིག་ཏུ་ངོས་འཛིན་ཞུ་ཡི་ཡོད། ཅེས་བརྗོད་བྱུང་།

རྒྱ་གར་གྱི་གནས་ཚུལ་དེའི་ནང་༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མ་འོངས་པར་འབྲས་ལྗོངས་རུམ་ཏེག་དགོན་མ་གཏོགས་གཞན་གང་དུ་ཕེབས་ཀྱང་བཀག་འགོག་མེད་པ་དང་། རིན་པོ་ཆེ་མཆོག་གི་ཆིབས་བསྒྱུར་ཐད་གཞུང་ལ་སྙན་སེང་ལས་ཆོག་མཆན་ཞུ་དགོས་ཀྱི་མེད་ལ། སྙན་སེང་ཞུ་དགོས་དོན་ནི་རྒྱ་གར་གཞུང་གི་འབྲེལ་ཡོད་ལས་ཁུངས་ནས་རིན་པོ་ཆེའི་སྐུའི་སྲུང་བྱ་དང་བདེ་འཇགས་ཐད་གྲ་སྒྲིག་ཞུ་རྒྱུའི་ཆེད་དུ་ཡིན། ཞེས་བརྗོད་འདུག་པ་མ་ཟད། ཨཱ་མེཊ་བྷ་མཱ་ཐར་ལགས་ཀྱིས་རྒྱ་གར་གཞུང་ལ་དེ་སྔོན་༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ལ་དོགས་པ་ཡོད་པ་དངོས་ཡོད་ཡིན་ཡང་། ད་ལྟའི་ཆར་གནས་སྟངས་དེ་དག་ཆ་ཚང་གཙང་མ་ཆགས་ཡོད་སྐོར་སོགས་བརྗོད་འདུག

ཡང་རྒྱ་གར་བང་ཆེན་གྱི་གནས་ཚུལ་ནང་། ཉེ་སྔོན་རྒྱ་གར་གྱི་དཔོན་རིགས་འགའ་ཨ་རིའི་ནེའུ་ཡོག་ཏུ་ཆེད་ཕེབས་ཀྱིས་༧རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ལ་མཇལ་འཕྲད་ཞུས་ཡོད་པ་དང་། སྐབས་དེར་ཨཱ་མེཊ་བྷ་མཱ་ཐར་ལགས་ཀྱང་ཕེབས་ཡོད་འདུག ༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་ཕྱིར་རྒྱ་གར་ནང་ཕེབས་རྒྱུ་ཕྱིར་འགྱངས་བྱུང་སྐབས་ཨཱ་མེཊ་བྷ་མཱ་ཐར་ལགས་ཀྱིས་མུ་མཐུད་བཀའ་མོལ་བྱུང་བཞིན་པ་ཡིན་ལ།  དུས་ལ་བསླེབ་ན་ཁོང་ཕྱིར་རྒྱ་གར་ནང་ཕེབས་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད།

ཉེ་སྔོན་༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ནས་ཁོང་ཕྱིར་རྒྱ་གར་དུ་ཕེབས་རྒྱུ་བརྒྱ་ཆ་བརྒྱ་ཐམ་པ་གཏན་འཁེལ་བ་ཡིན་ཡང་། ད་ལན་ཁོང་ཕྱི་རྒྱལ་དུ་ལོ་ ༡ ལྷག་རིང་བཞུགས་པའི་རིང་སྤྱི་ཚོགས་ནང་དང་། ལྷག་པར་དུ་རྒྱ་གར་གཞུང་ནང་ལོགས་ལ་དཀྲོག་གཏམ་མང་པོ་ཆགས་ཡོད་པར་བརྟེན། ཕྱིར་མ་ཕེབས་སྔོན་ལ་རྒྱ་གར་གཞུང་ལ་ད་ལན་ཕྱི་རྒྱལ་དུ་ཡུན་རིང་བཞུགས་དགོས་བྱུང་བའི་གནས་སྟངས་རྣམས་གསལ་བཤད་གནང་བཞིན་པ་ཡིན་ལ།  གལ་སྲིད་ར་འཕྲོད་ཡག་པོ་བྱུང་བ་ཡིན་ན་གང་མགྱོགས་ཀྱིས་ཕྱིར་ཕེབས་འཆར་ཡོད་པ་དང་། ཅི་ཙམ་འགོར་ནའང་འདི་ལོའི་ཕྱི་ཟླ་ ༡༡ པའི་ནང་འཚོགས་འཆར་ཡོད་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་ལྷན་ཚོགས་ཐོག་བཅར་ཐུབ་པའི་ཐུགས་རེ་གནང་གི་ཡོད་སྐོར་གསུངས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༩/༡༡

Leave a Reply