མཁས་དབང་ནམ་མཁའི་ནོར་བུ་མཆོག་ལ་ཨི་ཊ་ལིའི་གཟེངས་རྟཊ་མཐོ་ཤོས་ཐོབ།

ཨི་ཊ་ལིའི་ནང་གནས་བཞུགས་མཁས་དབང་ནམ་མཁའི་ནོར་བུ་མཆོག་ལ་ཡུལ་དེའི་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་ཕུལ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཨི་ཊ་ལིའི་གྲོང་ཁྱེར་ཨི་ཁིར་ཌོ་སོ་(Acridosso )ཡི་ནང་། ཡུལ་དེའི་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་(Commander Order of Merit of the Italian Republic)ཞེས་པ་དེ་མཁས་དབང་ནམ་མཁའི་ནོར་བུ་མཆོག་ལ་ཕུལ་ཡོད་པ་དང་། ཨི་ཊ་ལིའི་ཆེས་མཐོའི་གཟེངས་རྟགས་(Order of Merit of the Italian Republic)ཞེས་པ་དེ་རྩོམ་རིག་དང་སྒྱུ་རྩལ། དཔལ་འབྱོར། སྤྱི་ཚོགས་ཞབས་ཞུ། འགྲོ་བ་མིའི་བདེ་དོན། དེ་བཞིན་དུས་ཡུན་རིང་པོར་སྤྱི་མང་དང་དམག་དོན་ཐད་ཞབས་ཞུ་ཞུས་ཏེ། སྤྱི་ཚོགས་ལ་ཕན་རླབས་ཆེན་པོ་བྱུང་བའི་བྱས་རྗེས་ཅན་རྣམས་ལ་ཆེ་བསྟོད་དུ་འབུལ་གྱི་ཡོད་འདུག

མཁས་དབང་ནམ་མཁའི་ནོར་བུ་མཆོག་ནི་ཕྱི་ལོ་ ༡༩༣༨ ཟླ་ ༡༢ ཚེས་ ༨ ཉིན་དཀར་མཛེས་ཁུལ་སྡེ་དགེ་རུ་སྐུ་འཁྲུངས་ཡོད་པ་དང་། དགུང་ལོ་གསུམ་སྟེང་ཞེ་ཆེན་རབ་འབྱམས་སྣང་མཛད་གྲུབ་པའི་རྡོ་རྗེས་ཨ་འཛོམ་འགྲོ་འདུལ་དཔའ་བོ་རྡོ་རྗེའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ། དགུང་ལོ་༨ ཀྱི་ཐོག་ཏཱའི་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་དང་། ༧རྒྱལ་དབང་ཀརྨ་པ་ཟུང་ནས་འབྲུག་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ཐུགས་ཀྱི་སྤྲུལ་སྐུར་ངོས་འཛིན་གནང་། སྐུ་ན་ཆུང་དུས་སྡེ་དགེ་དགོན་ཆེན་དུ་བཞུགས་ཏེ་རིས་མེད་ཀྱི་གདམས་པ་མང་པོར་གསན་བསམ་གནང་། ཕྱི་ལོ་ ༡༩༥༤ ལོར་ལྷོ་ནུབ་མི་རིགས་སློབ་གླིང་གི་བོད་ཡིག་སྡེ་ཁག་གི་དགེ་རྒན་མཛད། ཕྱིས་སུ་ཉག་བླ་བྱང་ཆུབ་རྡོ་རྗེར་མཇལ་ཞིང་ཉག་བླའི་སྒར་དུ་རྩ་བའི་བླ་མའི་སྨན་གཡོག་གནང་ཞོར་རྫོགས་ཆེན་སེམས་ཀློང་མན་ངག་གསུམ་གྱི་གདམས་པ་ཆ་ཚང་ཞུས།

ཕྱི་ལོ་ ༡༩༥༧ ལོར་འབྲས་ལྗོངས་སུ་ཕེབས་ནས་བོད་ཡིག་སློབ་དེབ་གསར་དུ་བསྒྲིགས། ཕྱི་ལོ་ ༡༩༦༠ ལོར་ཨི་ཊ་ལིར་བོད་རིག་པའི་འབུམ་རམས་པའི་ཕྱག་འཁྱེར་བཞེས་ཏེ་བོད་སོག་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་སློབ་དཔོན་ཆེན་མོའི་ཐུགས་འགན་བཞེས། ཕྱི་ལོ་ ༡༩༨༡ ལོར་ན་པུ་ལེ་སི་རུ་རྫོགས་པ་ཆེན་པོའི་ ༼རིག་གནས་མཐུན་ཚོགས། ༽ཞེས་པ་གསར་འཛུགས་དང་། ཕྱི་ལོ་ ༡༩༨༨ ལོར་ཤར་ཕྱོགས་རིག་གནས་སྐོར་ལ་ཆེད་དམིགས་ཀྱིས་༼ཞང་ཞུང་དཔེ་སྐྲུན་ཁང་། ༽དང་། ཕྱི་ལོ་ ༡༩༨༩ ལོར་ ༼རྒྱལ་སྤྱིའི་ཞང་ཞུང་རིག་གནས་ཞིབ་འཇུག་ཁང་། ༽ཞེས་པ་བཅས་སྔ་གཞུག་ཏུ་གསར་འཛུགས་གནང་། གཞན་ཡང་། ཁོང་གིས་ཨི་ཊ་ལི་དང་ཨ་རི། ཡུ་རོབ་སོགས་ཀྱི་ནང་མེ་རིའི་ཕོ་བྲང་དང་ཀུན་བཟང་ཕོ་བྲང་སོགས་རྫོགས་པ་ཆེན་པོའི་ཚོགས་ཀྱི་མཐུན་ཚོགས་ཆེན་པོ་ ༦ ནང་དུ། འཛམ་གླིང་གི་རྒྱལ་ཁབ་ཁག་ ༤༠ བརྒལ་བའི་དད་ལྡན་དོན་གཉེར་ཅན་གྱི་སློབ་ཕྲུག་རྣམས་ལ་རྫོགས་ཆེན་གྱི་ཆོས་འཁོར་བསྐོར་བ་དང་། ཞང་བོད་རིག་གནས་ནུབ་ཕྱོགས་སུ་དར་བར་ཕྱག་ལས་རྒྱ་ཆེན་པོ་གནང་གི་ཡོད་འདུག

མཁས་དབང་ནམ་མཁའི་ནོར་བུ་མཆོག་ལ་<<བོད་རིགས་གཞོན་ནུ་རྣམས་ལ་གྲོས་སུ་འདེབས་པ་གཟི་ཡི་ཕྲེང་བ>>་དང་།  <<བོད་ཀྱི་ལོ་རྒྱུས་ལས་འཕྲོས་པའི་གཏམ་མུ་ཏིག་ཕྲེང་བ>>། <<རྩ་རླུང་འཕྲུལ་འཁོར་ཉི་ཟླ་ཁ་སྦྱོར>><<ཞང་བོད་གནའ་རབ་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་།>> བརྩམས་ཆོས་ཧ་ཅང་མང་པོ་ཡོད་པའི་ནང་ནས་སྐད་གྲགས་ཆེ་ཤོས་ནི། ཕྱི་ལོ་༡༩༩༦ ལོར་པར་སྐྲུན་གནང་བའི་<<ཞང་བོད་ལོ་རྒྱུས་ཏི་སེའི་འོད།>> ཞེས་པ་དེ་ཡིན་པ་དང་། ད་ལྟའི་ཆར་འཛམ་གླིང་སྐད་ཡིག་མི་འདྲ་བ་བཅུ་ལྷག་གི་ནང་བསྒྱུར་ཟིན་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་སོགས་ལས་བཏུས།

བསྐྱར་བཅོས།: ༢༠༡༨/༠༩/༡༡

Leave a Reply

2 thoughts on “མཁས་དབང་ནམ་མཁའི་ནོར་བུ་མཆོག་ལ་ཨི་ཊ་ལིའི་གཟེངས་རྟཊ་མཐོ་ཤོས་ཐོབ།