སྐྱེས་པ་ ༣༠༠ ལྷག་མགོ་པར་མཛེས་མ་ཞིག་གི་གཡོ་འོག་ཏུ་ཚུད།

རྒྱ་ནག་གི་སྐྱེས་པ་ཞིག་གིས་སྤྱི་ཚོགས་སྒེར་དྲ་ཡི་མིང་བུད་མེད་ཅིག་དང་བུ་མོ་མཛེས་མ་ཞིག་གི་མགོ་པར་བཞག་ནས་སྐྱེས་པ་ ༣༠༠ ལྷག་གི་ལག་ནས་རྒྱ་སྒོར་ཁྲི་ ༣༠ ལྷག་གཡོ་ལེན་བྱས་ཡོད་འདུག

ཁ་སང་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཧི་པའེ་ཞིང་ཆེན་ཚང་ཀྲུའུ་གྲོང་ཁྱེར་ཞེན་རྫོང་(献县)གི་སྐྱེས་པ་ཞིག་གིས་སྤྱི་ཚོགས་དྲ་མིང་ལ་བུད་མེད་ཀྱི་མིང་དང་བུ་མོ་མཛེས་མ་ཞིག་གི་མགོ་པར་བཞག་སྟེ། དྲ་ཐོག་ནས་སྐྱེས་པ་ ༣༠༠ ལྷག་ལ་མགོ་སྐོར་བསླུ་བྲིད་བཏང་ནས་སྔ་གཞུག་ཏུ་རྒྱ་སྒོར་ཁྲི་ ༣༠ ལྷག་གཡོ་ལེན་བྱས་ཡོད་འདུག

འདི་ལོའི་ལོ་མགོ་ཙམ་ཞིག་ལ་ཞེན་རྫོང་གི་སྐྱེས་པ་ལི་མིང་ཅན་(李某 )ཞིག་གིས། སྤྱི་ཚོགས་དྲ་ལམ་ནས་མིང་ལ་ཨེ་ཡ་ “哎呀”ཟེར་བའི་གཞོན་ནུ་མ་ཞིག་དང་ངོ་ཤེས་ཡོད་པ་དང་། བུ་མོ་དེས་བཤད་ན། མོའི་དངོས་མིང་ལ་ཀྲང་ཝེ་(张薇)ཟེར་བ་དང་། ཞེན་རྫོང་གི་སྨན་ཁང་ཞིག་ཏུ་སྨན་ཞབས་ཀྱི་ལས་ཀ་བྱེད་ཀྱི་ཡོད་འདུག བུ་མོ་དེ་རྣམ་པ་ཧ་ཅང་མཛེས་པོ་ཡོད་པ་མ་ཟད་བཟའ་ཟླ་དང་དགའ་རོགས་ཀྱང་མེད་སྟབས། ལི་ཡི་སེམས་པ་དབང་མེད་དུ་ཤོར་ནས་ཟླ་བ་གཉིས་རིང་ཁོང་གཉིས་ཀྱིས་དྲ་ལམ་དང་ཁ་པར་ནང་ནས་ཁ་བརྡ་བྱས་ཏེ་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་ཕྱིན།

འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་དགོང་མོའི་ཆུ་ཚོད་ ༦ པ་ཙམ་ལ་གཞི་ནས་ཨེ་ཡ་ཞེས་པའི་བུ་མོ་མཛེས་མ་དེས་ལི་ལ་དངོས་སུ་ཐུག་རྒྱུ་ཁས་ལེན་བྱས། འོན་ཀྱང་ཐོག་མར་ལི་ཡིས་དངོས་སུ་ཐུག་འཕྲད་དགོས་པའི་རེ་བ་འདོན་སྐབས་ཨེ་ཡས། གལ་ཏེ་ཁྱོད་ང་ལ་དགའ་བ་བདེན་པ་ཡིན་ན་ང་ལ་རྒྱ་སྒོར་ ༥༢༠ ཞིག་བསྐུར་རོགས་ཞེས་བཤད་ཡོད་པ་དང་། ལི་ཡིས་ལྷད་མེད་ཀྱི་བརྩེ་བ་མཚོན་ཆེད་དེ་མ་ཐག་རྒྱ་སྒོར་ ༥༢༠ བསྐུར་ཡོད་འདུག གྲངས་ཀ་དེའི་དོན་ནི་རྒྱ་སྐད་ཐོག་ནས་ང་ཁྱེད་ལ་དགའ་ཞེས་པའི་དོན་ཡིན།

དེ་ནས་ཨེ་ཡ་ཡིས་ཅུང་ཙམ་ནས་ཁྱེད་རང་ང་སར་ཤོག ཡིན་ནའང་། ཁྱེད་ཀྱིས་ཡང་བསྐྱར་ང་ལ་རྒྱ་སྒོར་༡༣༡༤༠ བསྐུར་དགོས་ཡོད། ཁྱོད་ཀྱིས་ངའི་ཆེད་དུ་བློས་གཏོང་ཅི་ཙམ་ཐུབ་མིན་བལྟ་དགོས་ཡོད་ཅེས་བཤད་པ་དང་། ལི་ཡིས་ཡང་བསྐྱར་རྒྱ་སྒོར་ ༡༣༡༤༥.༢༠ བསྐུར།  དེ་ནས་ལི་མིང་ཅན་དེ་ཨེ་ཡས་ལས་ཀ་བྱེད་སའི་སྨན་ཁང་དེར་ཕྱིན་ནས་སྒོ་ཁ་རུ་འབྱོར་སྐབས། ཨེ་ཡས་སླར་ཡང་རྒྱ་སྒོར་ ༡༣༡༤༥.༢༠ བསྐུར་རོགས། གལ་སྲིད་མ་བསྐུར་ན་ཕྱི་རུ་ཡོང་རྒྱུ་མིན་ཞེས་བཤད། གྲངས་ཀ་དེའི་ནང་དོན་ཚེ་གཅིག་ལུས་གཅིག་ཏུ་ང་ཁྱེད་ལ་དགའ་ཞེས་པའི་དོན་ཡིན།

དེ་ལྟར་ཆ་རྐྱེན་ཡང་ཡང་བཏོན་རྗེས་ལི་ཡང་འུ་ཐུག་སྟེ་ང་ལ་དངུལ་མང་པོ་དེ་འདྲ་མེད་ཅེས་ཚིག་རྩུབ་མོས་བཤད་སྐབས་ཨེ་ཡ་ཡིས། འོ་ན་ཁྱོད་ནང་ལ་ལོག་རྒྱུག ཁྱེད་རང་གི་དངུལ་ཚང་མ་ཆུ་ཚོད་ ༣ ནང་ཚུད་ཕར་བསྐུར་ཡོང་ཞེས་བཤད། ལི་བྱ་ཐབས་ཟད་དེ་ནང་ལ་ལོག་ནས་ཉིན་ཤས་བསྒུགས་ཀྱང་དངུལ་འབྱོར་རྒྱུ་ལྟ་ཅི། ཨེ་ཡ་ཡི་པར་མཛོད་ནང་གི་པར་དང་བརྙན་ཐུང་སོགས་ཅི་ཡང་མཐོང་རྒྱུ་མེད་པ་མ་ཟད། ལི་ནག་གསུབ་བཏང་ཟིན་པ་ཤེས་རྟོགས་བྱུང་སྐབས་གཞི་ནས་མགོ་སྐོར་བཏང་ཡོད་པའི་དོགས་གཞི་བྱུང་སྟེ་ས་གནས་ཉེན་རྟོག་ལས་ཁུངས་ལ་ཡར་ཞུ་བྱས།

ཉེན་རྟོག་ཁང་གིས་དེ་མ་ཐག་རྩད་གཅོད་བྱས་མཐར། འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢༧ ཉིན་དྲ་མིང་ལ་ཨེ་ཡ་“哎呀”ཞེས་པ་དེ་འཛིན་བཟུང་བྱེད་ཐུབ་ཡོད་པ་དང་། མ་གཞི་ཨེ་ཡ་ཞེས་པ་སྐྱེས་པ་ཞིག་ཡིན་ཞིང་།  ཁོའི་རུས་མིང་ངོ་མ་ཀོའོ་(高某)ཡིན་འདུག ཀོའོ་འཛིན་བཟུང་བྱས་ཏེ་འདྲི་གཅོད་བྱེད་སྐབས། ཁོས་ཕྱི་ལོ་ ༢༠༡༥ ལོ་ནས་བཟུང་རང་ཉིད་ཀྱི་དྲ་མིང་ལ་ཨེ་ཡ་དང་རུས་མིང་ཀྲང་ཝེ་ཞེས་པར་བསྒྱུར་ཏེ། བུ་མོ་མཛེས་མ་ཞིག་གི་མགོ་པར་དང་བརྙན་ཐུང་རྣམས་རྐུ་འཁྱེར་གྱིས་ཁོ་རང་སྒེར་གྱི་དྲ་ཐོག་ཏུ་བཞག་ནས་ཁྱབ་བསྒྲགས་བྱས་པ་མ་ཟད། རྫུན་རྐུབ་མི་བརྟོལ་བའི་ཆེད་དུ་བུ་མོ་དེའི་པར་རིས་བེད་སྤྱད་དེ་ཐོབ་ཐང་ལག་ཁྱེར་རྫུན་མ་ཞིག་ཀྱང་བཟོས་ཡོད་འདུག

ཁོས་བུ་མོ་ཞིག་ཡིན་ཁུལ་གྱིས་སྐྱེས་པ་མང་པོར་མགོ་སྐོར་བསླུ་བྲིད་བཏང་ནས་དངུལ་འབོར་ཆེན་ཧམ་ལེན་བྱས་ཡོད་པ་དང་། དྲ་ཐོག་གི་སྐྱེས་པ་ཚོར་ཐོབ་ཐང་ལག་ཁྱེར་རྫུན་མ་དེ་བསྟན་དུས་ཚང་མས་ཡིད་ཆེས་འགྲོ་བ་དང་། ཁ་པར་བརྒྱུད་ཁ་བརྡ་བྱེད་སྐབས་ཁ་པར་གྱི་སྒྲ་སྒྱུར་ཡོ་ཆས་བེད་སྤྱད་དེ་བུ་མོའི་སྐད་གདངས་ཀྱིས་ཁ་བརྡ་བྱས་ཏེ་སྐྱེས་པ་མང་པོ་གཡོ་འོག་ཏུ་ཚུད་ཡོད་འདུག

ཉེན་རྟོག་པས་ཨེ་ཡ་ཡི་སྤྱི་ཚོགས་དྲ་བྱང་ནང་སྔོག་བཤེར་དང་ཡིག་བསྐུར་གྱི་བརྒྱུད་རིམ་མང་པོར་ཞིབ་བཤེར་བྱས་སྐབས། ཁོའི་གཡོ་འོག་ཏུ་ཚུད་ཟིན་པའི་སྐྱེས་པ་ ༣༠༠ ཟིན་ཡོད་པ་དང་། སྐྱེས་པ་དེ་དག་གི་ལག་ནས་རྒྱ་སྒོར་ཁྲི་ ༣༠ ལྷག་གཡོ་ལེན་བྱས་ཡོད་པ་དང་། ཁོད་དྲ་གྲོགས་ ༤༠༠ ཙམ་སྒེར་གྱི་དྲ་ངོས་ནས་ཕྱིར་འཕུད་བཏང་ཡོད་པ་སོགས་ཤེས་རྟོགས་བྱུང་ཡོད་འདུག

རྡོ་རྗེ་རིན་ཆེན་གྱིས་སྒྱུར་སྒྲིག་བྱས།

བསྐྱར་བཅོས།: ༢༠༡༨/༠༩/༡༣

Leave a Reply