ཆུ་ལོག་གནོད་སྐྱོན་ལ་ཧིན་སྒོར་འབུམ་ལྔ་གནང་།

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་ལ་ཐུགས་རྗེ་ཆེ་ཞུས་ལོ་དང་བསྟུན་ཀེ་ར་ལ་མངའ་སྡེའི་ཆུ་ལོག་གནོད་འཚེ་ཕོག་མཁན་ཚོར་ཧིན་སྒོར་འབུམ་ ༥ ཡིས་རོགས་སྐྱོར་གནང་གཏན་འཁེལ་ཡོད་འདུག

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་སྔོན་ཕྱི་ཟླ་ ༨ ཚེས་ ༡༠ ནས་བསྟུན་མར་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེའི་ནང་ཆུ་ལོག་གོད་ཆག་བྱུང་སྟེ། ཉུང་མཐར་མི་གྲངས་ ༡༠༠ ལྷག་རྐྱེན་འདས་དང་། ཡུལ་མི་འབུམ་ ༡ བརྒལ་བ་གནས་སྤོར་དགོས་བྱུང་སྟེ་འདས་པའི་ལོ་ངོ་ ༥༠ ནང་བྱུང་མ་མྱོང་བའི་ཆུ་ལོག་གོད་ཆག་བྱུང་བར་གདུང་སེམས་མཉམ་སྐྱེ་དང་སྦྲགས། འདི་ལོར་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་བའི་ལས་གཞི་འདྲ་མིན་སྤེལ་བཞིན་ཡོད་པ་ལྟར། ཆུ་ལོག་གནོད་སྐྱོན་ཐེབས་མཁན་ཚོར་རོགས་སྐྱོར་ཆེད། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ངལ་སེལ་རོགས་དངུལ་ཐེབས་རྩ་ཁང་ (CM Releif Fund) བརྒྱུད་ཧིན་སྒོར་འབུམ་ ༥ གནང་གཏན་འཁེལ་ཡོད་འདུག

རོགས་དངུལ་དེའི་སྐོར་ལ་སྲིད་སྐྱོང་མཆོག་གིས། ཀེ་ར་ལ་མངའ་སྡེའི་ནང་ལོ་ངོ་བརྒྱ་ཕྲག་ནང་ཆུ་རུད་ཀྱི་གོད་ཆག་ཚབས་ཆེ་ཤོས་ཕོག་སྟེ་ཀེ་ར་ལ་མི་མང་རྣམས་དཀའ་སྡུག་ཧ་ཅང་མྱོང་བཞིན་པའི་སྐབས་འདིར། བོད་མིའི་སྒྲིག་འཛུགས་དང་བོད་མི་རྣམས་ནས་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན་ལ། ཛ་དྲག་ལས་གཞིར་སྨན་པའི་རྒྱབ་སྐྱོར་ཞུ་རྒྱུ་མ་ཟད། དཀའ་ངལ་ལས་མྱུར་དུ་གྲོལ་ཐུབ་པའི་རེ་བ་ཡོད། ཅེས་གསུངས་འདུག

རྒྱ་གར་མངའ་སྡེ་མང་པོའི་ནང་ལོ་ལྟར་ཕྱི་ཟླ ༦ ནས་མགོ་ཚུགས་ཏེ་ཆར་ཞོད་ཤུགས་ཆེན་བྱུང་གི་ཡོད་པ་དང་། ཀེ་ར་ལ་མངའ་སྡེའི་ནང་ལོ་རེ་བཞིན་ཆར་དུས་སྐབས་ཆུ་ལོག་དང་ས་ཉིལ་སོགས་རིམ་པར་བྱུང་གི་ཡོད་ན་ཡང་ད་ལོ་ལྟར་ཆུ་ལོག་ཤུགས་ཆེན་དེ་འདྲ་བྱུང་མེད་ན་ཡང། ད་ལོ་ཆར་དུས་འདས་པའི་ཆར་ཞོད་དང་བསྡུར་ན་ཧ་ཅང་ཤུགས་ཆེན་པོ་བྱུང་ཡོད་པ་དང་། མངའ་སྡེ་དེའི་ནང་རྒྱུག་ཆུ་ཆེན་པོ་ ༤༤ ཡོད་པ་དང་། ད་ལོའི་ཆར་ཞོད་དང་ཆུ་ལོག་ཁྲོད་ཡུལ་མིའི་ཞིང་ས་སྤྱི་ལེ་གྲུ་བཞི་མ་ ༢༦༨.༢༤  ནང་ཧིན་སྒོར་དུང་ཕྱུར་ ༣ ལྷག་(༣.༤༢)ལྷག་གི་རིན་འབབ་འབྲུ་རིགས་ལ་གནོད་སྐྱོན་ཐེབས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༩/༡༣

Leave a Reply