བོད་ཀྱི་ཆུ་ཉོ་རྒྱུ་མཚམས་འཇོག་བྱས།

བོད་དོན་ལས་འགུལ་བ་དང་རྒྱབ་སྐྱོར་བ་ཁྲི་ ༩ ཙམ་གྱིས་དྲ་ཐོག་ནས་མཚན་རྟགས་བསྡུ་རུབ་བྱས་ཏེ་ཞུ་གཏུག་དང་འབོད་སྐུལ་རིམ་པ་བྱས་པར་བརྟེན་དབྱིན་ཡུལ་གྱི་རྐང་སྤོལ་རྩེད་འགྲན་ཚོགས་པས་བོད་ཀྱི་ཆུ་ཉོ་བའི་ཚོང་འབྲེལ་ལས་གཞི་མཚམས་འཇོག་བྱས་ཡོད་འདུག

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། དབྱིན་ཡུལ་གྱི་ནུབ་བྱང་གྲོང་ཁྱེར་ལེ་ཝར་ཕོལ(Liverpool )དུ་ཡོད་པའི་འཛམ་གླིང་རྐང་རྩེད་སྤོ་ལོའི་ཚོགས་པ་གྲགས་ཅན་(Liverpool FC)གྱིས། ཕྱི་ལོ་ ༢༠༡༧ ལོར་བོད་ཀྱི་ཆུ་བཙོང་མཁན་རྒྱ་ནག་གི་བཟོ་གྲྭ་(TWSL)ཞེས་པ་དང་ཚོང་འབྲེལ་བཙུགས་ཏེ། བོད་མཐོ་སྒང་གི་དྭངས་ཤིང་གཙང་བའི་ཆུ་ཉོ་ཚོང་བྱེད་པའི་ལས་གཞི་ཞིག་སྤེལ་རྩིས་བྱས་ཡོད་ཀྱང་། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མང་པོས་ངོ་རྒོལ་བྱས་ཏེ་ཚོང་འབྲེལ་མཚམས་འཇོག་དགོས་པའི་འབོད་སྐུལ་རིམ་པ་ཞུས་པར་བརྟེན། ད་ེརིང་ལས་གཞི་དེ་མཚམས་འཇོག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

བོད་དོན་རྒྱབ་སྐྱོར་ཚོགས་པའི་(Tibet Sociaty)ཚོགས་གཙོ་གྷི་ལོ་རེ་ཡ་མོན་ཊ་གྷོ་མེ་རེ་(Gloria Montgomery)ལགས་ཀྱིས།  འདི་ནི་བོད་མི་ཚོ་དང་ལྷག་པར་དུ་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་མི་གྲངས་ཁྲི་ ༩ ཙམ་གྱིས། ལེ་ཝར་ཕོལ་གྱིས་རྒྱ་ནག་ལྷན་དུ་བོད་ཀྱི་ཆུ་ཉོ་ཚོང་བྱེད་རྒྱུ་མཚམས་འཇོག་དགོས་པའི་འབོད་སྐུལ་ལ་རྒྱལ་ཁ་ཆེན་པོ་ཞིག་ཐོབ་པ་རེད། ཅེས་བརྗོད་ཡོད་པ་དང་།  ན་ནིང་ཕྱི་ཟླ་ ༧ ཚེས་ ༢༥ ཉིན་ལེ་ཝར་ཕོལ་རྐང་སྤོལ་ཚོགས་པས་བོད་ཀྱི་ཆུ་ཉོ་རྒྱུ་ཡིན་སྐོར་བསྒྲགས་་ཡོད་པ་རེད།

སྐབས་དེར་བོད་མིའི་སྒྲིག་འཛུགས་ནས་ཡོངས་ཁྱབ་གསལ་བསྒྲགས་ཤིག་གནང་བའི་ནང་། ལེ་ཝར་ཕོལ་་གྱིས་རྒྱ་ནག་དང་ལྷན་དུ་གཞུང་འབྲེལ་བཙུགས་ཏེ། བོད་ཀྱི་ཆུ་ཉོ་ཚོང་བྱ་རྒྱུ་ཡིན་པ་ཡོངས་བསྒྲགས་བྱས་པར་བློ་ཕམ་ཞེ་དྲགས་ཡོད་ལ། བོད་ཀྱི་ཆུ་བཟོ་ཚོང་ཁང་དེས་བོད་ཀྱི་ཆུའི་ཐོན་ཁུངས་བཅོམ་པ་ཙམ་མ་ཟད། བོད་མིའི་རང་དབང་ལ་རྡོག་རོལ་གཏོང་གི་ཡོད།  རྒྱ་ནག་གི་བཟོ་གྲྭ་དེར་བོད་ཀྱི་ཆུའི་ཐོན་ཁུངས་ནས་ཁེ་སྤོགས་རག་གི་ཡོད་ནའང་རྒྱ་ནག་གིས་བོད་ནང་མི་སེར་སྤེལ་ཡུལ་བྱས་ཏེ། བོད་ནང་འབག་བཙོག་གིས་ཁེངས་ཡོད་པའི་ཐོག  བཟོ་གྲྭ་དེས་བོད་ནང་འགྱིག་རིགས་གང་བྱུང་གཡུགས་པ་དང་ཇེ་མང་དུ་གཏོང་གི་ཡོད་པ་སོགས་ཀྱིས་བོད་ཀྱི་སྐྱེས་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོ་ཡི་ཡོད།  ཅེས་སྐྱོན་བརྗོད་གནང་ཡོད་པ་རེད།

བོད་དོན་རྒྱབ་སྐྱོར་ཚོགས་པའི་(Tibet Sociaty)རྒྱལ་སྤྱིའི་བརྒྱུད་ལམ་འབྲེལ་མཐུད་པ་མན་ཌི་མེག་ཁོོན་(Mandie Mckeown)ལགས་ཀྱིས།  ལེ་ཝར་ཕོལ་རྐང་སྤོལ་ཚོགས་པས་བོད་ས་བཙན་འཕྲོག་བྱེད་མཁན་རྒྱ་ནག་གི་བཟོ་གྲྭར་ཚོང་འབྲེལ་མཚམས་འཇོག་བྱས་པར་དགའ་སྤོབས་ཆེན་པོ་བྱུང་བས།  ང་ཚོའི་རེ་བར་ལེ་ཝར་ཕོལ་ལ་ཕྱི་ལོ་ ༢༠༡༨ དང་ ༢༠༡༩ ལོའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་ནང་ལམ་ལྷུང་ཡོང་བའི་རེ་བ་ཡོད། ཅེས་བརྗོད་ཡོད་པ་རེད།

བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན།  ན་ནིང་བོད་དོན་ལས་འགུལ་བ་དང་རྒྱབ་སྐྱོར་བ་སོགས་ཀྱིས་ལེ་ཝར་ཕོལ་རྐང་སྤོལ་ཚོགས་པར་ངོ་རྒོལ་བྱས་སྐབས། ཚོགས་པ་དེས་དེ་ནི་དཀྲུག་ཤིང་འཕེན་རྩིས་བྱས་པ་ཞིག་ལ་ངོས་འཛིན་བྱས་ཏེ་སྣང་མེད་དུ་བཞག་ཡོད་ཀྱང་། ཕྱིས་སུ་ལས་འགུལ་དེ་གཞི་རྒྱ་ཆེ་རུ་ཕྱིན་པ་དང་འཛམ་གླིང་ནང་བོད་དོན་ཐོག་རྒྱབ་སྐྱོར་བྱེད་མཁན་ཤུགས་ཆེན་ཡོད་པ་སོགས་ཤེས་རྟོགས་བྱུང་རྗེས་ཚོང་འབྲེལ་མཚམས་འཇོག་བྱས་ཡོད་འདུག

ད་ལྟ་་དབྱིན་ཡུལ་གྱི་རྐང་རྩེད་སྤོ་ལོ་རྩེད་འགྲན་མགོ་འཛུགས་བྱས་ཏེ་ལེ་ཝར་ཕོར་གྱིས་རྩེད་འགྲན་ཐེངས་ ༤ བྱས་ཡོད་པ་ཚང་མར་རྒྱལ་ཁ་ཐོབ་ཡོད་པ་དང་། བདུན་ཕྲག་རྗེས་མའི་ནང་པཱ་རེ་སིའི་རྐང་སྤོལ་རུ་ཁག་(Paris St-Germain)ལྷན་དུ་རྩེ་རྒྱུ་ཡིན་འདུག

གསར་འགོད་པ།  སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༩/༡༣

Leave a Reply