ལྔ་དང་ལྔ་བཅུའི་སྤྱི་ཚོགས་སྲ་བརྟན་ཡོང་ཐབས་ཀྱི་ཚོགས་འདུ་ཚོགས།

ལྔ་དང་ལྔ་བཅུའི་འཆར་སྣང་གི་ཆབ་སྲིད་ཀྱི་ཚོགས་འདུ་དང་། ལྔ་དང་ལྔ་བཅུའི་འཆར་སྣང་གི་གཞོན་སྐྱེས་ཀྱི་ཚོགས་འདུ། དེ་བཞིན་ལྔ་དང་ལྔ་བཅུའི་འཆར་སྣང་གི་སྤྱི་ཚོགས་སྲ་བརྟན་གྱི་ཚོགས་འདུ་བཅས་ཀྱི་གནས་ཚུལ་མི་མང་ལ་འགྲེམ་དགོས་པ་རྣམས་འདི་ལོའི་ལོ་མཇུག་ཏུ་དགྲམ་ཐུབ་པར་འབད་བརྩོན་བྱེད་ཀྱི་ཡོད།ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༦ པའི་སྟེང་། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་གོ་སྒྲིག་འོག དྷ་སའི་ཉེ་འགྲམ་གྱི་ཧྥོར་ཆོན་མེག་ཤཱ(Fortune Moksha)གསོལ་མགྲོན་ཁང་དུ། ལྔ་དང་ལྔ་བཅུའི་འཆར་སྣང་ཞེས་པའི་བརྗོད་གཞིའི་འོག་བོད་མིའི་སྤྱི་ཚོགས་སྲ་བརྟན་ཡོང་ཐབས་ཞེས་པའི་ཉིན་ ༤ རིང་གི་ཚོགས་འདུ་དབུ་འཛུགས་གནང་སོང་བ་དང་། ཚོགས་འདུའི་སྐུ་མགྲོན་གཙོ་བོར་སྲིད་སྐྱོང་བློ་བཟང་སེངྒ་མཆོག་གི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། དམིགས་བསལ་སྐུ་མགྲོན་དུ་ཨ་རི་ཐེབས་རྩའི་ཨེ་ཤ་ཡ་ཁུལ་གྱི་འཛིན་སྐྱོང་འགན་འཛིན་ལས་རོགས་ལྕམ་སྐུ་ཨེན་མཱ་རཱེ་མཱརེ་ཡ་སི་ཊེ་ཤེག (Ann Marie Yastishock)ལགས་ཀྱི་གཙོས་མཁས་དབང་དང་་ཁྱད་མཁས་མི་སྣ། སློབ་སྟོན་པ། རོགས་ཚོགས་ཀྱི་སྐུ་ཚབ། སྤྱི་ཚོགས་ཀྱི་འཐུས་མི། འབྲེལ་ཡོད་ལས་བྱེད་མི་གྲངས་ ༢༠༠ ལྷག་འཛོམས་འདུག ཚོགས་འདུ་དབུ་འབྱེད་ཐོག་དྷ་ས་བོད་ཀྱི་གཏམ་བརྗོད་ཚན་པས་འཕྲོད་བསྟེན་དང་འབྲེལ་བའི་འཁྲབ་སྟོན་ཐུང་ཐུང་ཞིག་གཟིགས་འབུལ་ཞུས་སོང་།

མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་གིས་ཚོགས་འདུ་ངོ་སྤྲོད་ཀྱི་གསུང་བཤད་གནང་སྐབས། གཞི་རྩའི་ལྔ་དང་ལྔ་བཅུ་ཞེས་བྱུང་དགོས་དོན་དེ་ལོ་ལྔ་དང་ལོ་ལྔ་བཅུ་ལ་ཟེར་གྱི་ཡོད་པ་རེད། ༧གོང་ས་མཆོག་ནས་བཀའ་སློབ་ཕེབས་པ་ལྟར། རེ་བ་ཡག་ས་ནས་རྒྱག་དགོས་རེད། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་རེད། ཅེས་གསུང་པ་ནང་བཞིན་ང་ཚོས་ལོ་ལྔའི་ནང་ལ་དབུ་མའི་ལམ་གཞིར་བཞག་ཐོག་ནས་མིང་དོན་མཚུངས་པའི་རང་སྐྱོང་ག་འདྲ་བྱས་ནས་ཐོབ་ཐུབ་ཀྱི་རེད་དེའི་སྒང་ལ་འབད་བརྩོན་གནང་རྒྱུ་རེད། མཉམ་དུ་ལོ་ལྔ་བཅུའི་འཆར་གཞི་དགོས་ཀྱི་འདུག་ཟེར་གྱི་ཡོད་པ་རེད། སྤྱིར་བཙན་བྱོལ་ནང་ལོ་ལྔ་བཅུ་གནས་དགོས་རེད། སྡོད་དགོས་རེད་ཟེར་གྱི་ཡོད་མ་རེད་དེ། གལ་ཏེ་གནས་དགོས་བྱུང་ན་ལོ་ལྔ་བཅུའི་འཆར་གཞི་དགོས་ཀྱི་ཡོད་པ་རེད། དེར་བརྟེན་ང་ཚོས་ལོ་ལྔ་དང་ལྔ་བཅུ་ཞེས་བཀའ་ཤག་ནང་ལ་བཀའ་བསྡུར་རིམ་པར་གནང་སྟེ། ལོ་ལྔ་དང་ལྔ་བཅུའི་འཆར་གཞི་རིམ་པར་གཏིང་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཡོད་པ་དང་། བོད་པའི་སྤྱི་ཚོགས་ནང་ལ་ཡོད་པ། གྲོགས་པོ་རྙིང་པ། རྒྱབ་སྐྱོར་གནང་མཁན། སྤྱི་ཚོགས་ནང་གི་གནད་ཡོད་མི་སྣ་ཚང་མ་ས་ཆ་གཅིག་ལ་འཛོམས་ནས་ལོ་ལྔའི་ནང་ག་རེ་གནང་རྒྱུ་ཡོད་རེད། ལོ་ལྔ་བཅུའི་ནང་ལ་ག་རེ་གནང་རྒྱུ་ཡོད་མིན་གྱི་ཐོག་ཚོགས་འདུ་ཞིག་བསྐོང་དགོས་འདུག་ཟེར་ནས། སྔར་ལོའི་སྤྱི་ཟླ་ ༡༠ ནང་ལ་ཚོགས་འདུ་བསྐོངས་པ་རེད། དེ་དུས་མང་ཆེ་བ་ཆབ་སྲིད་དང་འབྲེལ་བའི་ཐོག་ནས་དབུ་མའི་ལམ་གཞིར་བཞག་ཐོག་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རག་ཐབས་དང་།  རྒྱ་ནག་ནང་ལ་འགྱུར་ལྡོག་ག་འདྲ་འགྲོ་སྲིད་ཀྱི་རེད། བོད་ནང་ལ་གནས་སྟངས་ག་འདྲ་འདུག མ་འོངས་པར་ག་འདྲ་ཡོང་གི་རེད། རྒྱ་གར་ནང་ལ་གནས་སྟངས་ག་འདྲ་ཡོད་རེད། མ་འོངས་པར་ག་འདྲ་ཡོང་གི་རེད། རྒྱལ་སྤྱིའི་ཐོག་ནས་ང་ཚོས་ལས་འགུལ་ག་རེ་སྤེལ་རྒྱུ་ཡོད་རེད། རྒྱབ་སྐྱོར་ཤུགས་ཆེ་རུ་ག་རེ་གཏོང་རྒྱུ་ཡོད་རེད་ཟེར་ནས་ཆབ་སྲིད་དང་འབྲེལ་བའི་ཐོག་ནས་ཚོགས་འདུ་མང་པོ་འཚོགས་ཏེ་དགོངས་ཚུལ་མང་པོ་བྱུང་བ་རེད། ཅེས་གསུངས་སོང་།

ལྔ་དང་ལྔ་བཅུའི་འཆར་སྣང་གཞིར་བཞག་པའི་ཐོག་ཆབ་སྲིད་ཀྱི་སྐོར་ལ་ཚོགས་འདུ་འཚོགས་པ་ནང་བཞིན་ལྔ་དང་ལྔ་བཅུའི་ཚོགས་འདུ་གཞན་ཁག་གི་སྐོར་ལ་ཁོང་གིས། ད་ལན་སྤྱི་ཟླ་༨ པའི་ནང་ལ་འཛམ་གླིང་གི་ལུང་པ་ ༡༥ ནས་བོད་པའི་གཞོན་སྐྱེས་ ༡༠༠ འཛོམས་ཏེ། གཞོན་སྐྱེས་ཁོ་རང་ཚོའི་ཐོག་ནས་བོད་ཀྱི་རྩ་དོན་དང་བོད་ཀྱི་ཆོས་རིག་གཞུང་སྐད་ཡིག་མི་ཉམས་གོང་འཕེལ་གྱི་ཆེད་དུ་ག་རེ་གནང་རྒྱུ་ཡོད་མེད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཐོག་ནས་ག་རེ་གནང་རྒྱུ་ཡོད་མེད་ཐོག་བཀའ་བསྡུར་རིམ་པ་བྱུང་བ་གཞིར་བཟུང་། དགོངས་ཚུལ་གང་ལ་གང་འཚམ་ཞིག་ཕེབས་ཡོད་རེད། དེ་ནས་ན་ནིང་སྤྱི་ཟླ་བཅུ་པའི་ནང་ཆབ་སྲིད་ཀྱི་ཚོགས་འདུ་འཚོགས་སྐབས་དང་མཉམ་དུ་རིག་གཞུང་གི་ཐོག་ནས་ག་རེ་གནང་རྒྱུ་ཡོད་པ་དང་། ཤེས་ཡོན་གྱི་ཐོག་ནས་ག་རེ་གནང་རྒྱུ་ཡོད་པ། དཔལ་འབྱོར་གྱི་ཐོག་ནས་ག་རེ་གནང་རྒྱུ་ཡོད་པ། འཕྲོད་བསྟེན་གྱི་ཐོག་ནས་ག་རེ་གནང་རྒྱུ་ཡོད་མིན་བཅས་དེ་དག་ཆ་ཚང་གི་སྒང་ལ་ང་ཚོས་དགོངས་ཚུལ་ཞིག་བསྡུ་ཐུབ་པ་ཡིན་ན་ལྔ་དང་ལྔ་བཅུའི་འཕྲལ་ཕུགས་གཉིས་ཀའི་ཐོག་ང་ཚོས་དགོངས་པ་བཞེས་རྒྱུ་དང་། འཆར་གཞི་གཏིང་བར་ཕན་ཐོགས་ཡོང་ས་རེད་ཅེས་ཐེངས་འདིའི་ཚོགས་འདུ་འདི་རིག་གཞུང་དང་། ཤེས་ཡོན། དཔལ་འབྱོར། འཕྲོད་བསྟེན་བཅས་ཀྱི་ཐོག་ལ་བཀའ་བསྡུར་གནང་རྒྱུ་དེ་ཆགས་ཡོད་པ་རེད། དེའི་ཐོག་བཀའ་བསྡུར་གནང་བ་གཞིར་བཟུང་འགའ་ཤས་ཀྱི་དགོངས་ཚུལ་ལ་ན་ནིང་ལོར་ལྔ་དང་ལྔ་བཅུའི་ཆབ་སྲིད་དང་འབྲེལ་བའི་ཐོག་ནས་ཚོགས་འདུ་འཚོགས་སོང་། ཚོགས་བཅར་བའི་ནང་ལ་གནད་ཡོད་མི་སྣ་མང་པོ་ཕེབས་སོང་། བཀའ་བསྡུར་རིམ་པར་གནང་སོང་སྟེ་གྲུབ་འབྲས་གང་ཡང་མཐོང་རྒྱུ་མི་འདུག་ཅེས་བཤད་མཁན་ཁ་ཤས་ཡོད་པ་འདྲ། བཀའ་ཤག་གི་ཐོག་ནས་བཀའ་བསྡུར་རིམ་པ་བྱུང་སོང་། ན་ནིང་སྤྱི་ཟླ་ ༡༠ ནང་ཆབ་སྲིད་དང་འབྲེལ་བའི་ཐོག་ནས་ཚོགས་འདུའི་ནང་ལ་དགོངས་ཚུལ་བྱུང་ཡོད་པ་ཆ་ཚང་དང་། དེ་ནས་གལ་ཆེ་བ་སྙིང་བསྡུས་ཞིག་བཅས་དེ་དག་ཚང་མའི་ཐོག་བཀའ་བསྡུར་བྱུང་ནས་མི་མང་ལ་ག་དུས་དགྲམ་དགོས་འདུག་སྐོར་ལ་གྲོས་བསྡུར་བྱས་དུས། ལྔ་དང་ལྔ་བཅུའི་འཆར་སྣང་གི་ཆབ་སྲིད་ཀྱི་ཚོགས་འདུ་དང་། ལྔ་དང་ལྔ་བཅུའི་འཆར་སྣང་གི་གཞོན་སྐྱེས་ཀྱི་ཚོགས་འདུ། དེ་བཞིན་ད་ཐེངས་ལྔ་དང་ལྔ་བཅུའི་འཆར་སྣང་གི་སྤྱི་ཚོགས་སྲ་བརྟན་གྱི་ཚོགས་འདུ་བཅས་ཚང་མ་ཕན་ཚུན་ལ་འབྲེལ་བ་འདུག དེར་བརྟེན་ཚོགས་འདུ་འདི་གསུམ་ཀ་ཚར་བའི་རྗེས་སུ་གནས་ཚུལ་ག་རེ་འདུག མི་མང་ལ་འགྲེམ་དགོས་པ་ག་རེ་འདུག འགྲེམ་མི་དགོས་པ་ག་རེ་འདུག ཚང་མ་ཕྱོགས་སྒྲིག་བྱས་ནས་འདི་ལོའི་ལོ་མཇུག་ཚུན་ཆད་ལ་དགྲམ་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད། ཅེས་གསུངས་སོང་།

ཚོགས་འདུའི་ཐོག་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས་བོད་མིའི་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་ཐབས་དང་། ཀརྨ་ཆུང་བདག་ལགས་ཀྱིས་བོད་མིའི་ཤེས་ཡོན་ཡར་རྒྱས་གཏོང་ཐབས། སྨན་པ་དཀོན་མཆོག་རྡོ་རྗེ་ལགས་ཀྱིས་བོད་མིའི་སྤྱི་ཚོགས་འཕྲོད་བསྟེན་ཡར་རྒྱས་གཏོང་ཐབས། དེ་བཞིན་སྐུ་ཞབས་རི་ཅར་ཌི་ཝེན་གྷར་ཊེན་(Richard Weingarte)གྱིས་བོད་མིའི་སྤྱི་ཚོགས་ཀྱི་དཔལ་འབྱོར་ཡར་རྒྱས་གཏོང་ཐབས་བཅས་ཀྱི་སྐོར་ལ་གཏམ་བཤད་གནང་ཡོད་པ་རེད།

ཐེངས་འདིའི་ཚོགས་འདུའི་ཐོག་གཙོ་བོ་བོད་མིའི་མགོ་འཁྲིད་དང་སྤྱི་ཚོགས་ཀྱིས་གདོང་ལེན་བྱེད་དགོས་པའི་གནད་དོན་བཞི་སྟེ། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་། དེ་བཞིན་སྤྱི་ཚོགས་ཀྱི་འཚོ་རྟེན་དང་ཤེས་ཡོན། འཕྲོད་བསྟེན་བཅས་ཡར་རྒྱས་གོང་འཕེལ་གཏོང་རྒྱུར་འཆར་གཞི་གསར་པ་དང་ནུས་པ་མཉམ་སྤུངས་ཀྱིས་ཐབས་ལམ་འཚོལ་ཐབས་སྐོར་ཡིན་པ་དང་། གཞན་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་རྒྱུན་སྐྱོང་ཇི་ལྟར་དགོས་པའི་ཐོག་མཁས་པ་དང་ཁྱད་མཁས་མི་སྣ། སློབ་སྟོན་པ་སོགས་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག བོད་བརྒྱུད་ནང་བསྟན་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ། བོད་ཀྱི་འགྲེམས་སྟོན་ཁང་གི་ལས་དོན་ཚགས་ཚུད་སྤེལ་ཕྱོགས། དེ་བཞིན། བོད་ཀྱི་སྒྱུ་རྩལ་ཡར་རྒྱས་དང་དཔལ་འབྱོར་འཛུགས་སྐྲུན་ལས་གཞི་གོང་སྤེལ་བརྒྱུད་བོད་མིའི་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་ཇི་ལྟར་གཏོང་དགོས་པའི་སྐོར་ལ་གོ་སྡུར་གནང་བཞིན་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༩/༡༤

Leave a Reply

2 thoughts on “ལྔ་དང་ལྔ་བཅུའི་སྤྱི་ཚོགས་སྲ་བརྟན་ཡོང་ཐབས་ཀྱི་ཚོགས་འདུ་ཚོགས།

  1. གཞུང་པ་ཚེ་དབང་བསོད་ནམས་

    ལས་འཆར་ཡག་པོ་འདུག་འོན་ཀྱང་བཙན་བྱོལ་སྤྱི་ཚོགས་བརྟན་ལྷིང་བསྲ་བརྟན་རྒྱུན་གནས་ཐུབ་པ་ལ་་བཙན་བྱོལ་སྤྱི་ཚོགས་འདི་
    མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་འོག་གནས་དགོས་པ་དེ་གལ་ཆེན་ཡིན་ན་མང་གཙོའི་སྐོར་གང་ཡང་གསལ་མི་འདུག་ན་ལྔ་དང་བ ཅུའི་
    ཚོགས་འདུ་དང་འབྲེལ་བ་མེད་པ་ཡིན་ནམ་།

  2. གཞུང་པ་ཚེ་དབང་བསོད་ནམས་

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་མང་གཙོ་ལས་དམངས་གཙོ་
    གསལ་མི་འདུག་ན་སྐད་ཡིག་དང་རིག་གཞུང་སྲུངས་སྐྱོབས་ཟེར་བ་དེ་ཡིན་ནམ་།
    འགྲེམ་དང་དགྲམ་དོན་གཅིག་མིང་གི་རྣམ་གྲངས་ལ་ངོས་འཛིན་གནང་གི་ཡོད་དམ།