ལྔ་དང་ལྔ་བཅུ་ལས་འཕྲོས་པའི་གཏམ།

                                                                                            བསྟན་འཛིན་མཚུངས་མེད།

ང་ཚོས་རང་མི་རིགས་ཀྱི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པར་བསམ་གཞིགས་མི་བྱེད་ན་ཕ་མ་དང་སྤུན་མཆེད་རྒྱབ་ཏུ་བཞག་ནས་ལོ་ཟླ་མང་པོ་ཞིག་སྐྱ་ཟད་སྔོ་སྡུག་གི་གཟད་དགོས་མེད། དེ་ནི་༸གོང་ས་སྐྱབས་མགོན་ཆེན་པོས་ཉེ་ཆར་གསུང་འཕྲིན་ཞིག་ཏུ་ང་ཚོ་བཙན་བྱོལ་བ་ཡིན་པ་ལས་སྐྱབས་བཅོལ་བ་མིན་ཞེས་ནན་གྱིས་གསུངས་པ་དང་འབྲེལ་ཆགས་པ་ཞིག་རེད།

ཉེ་ལམ་བོད་རིགས་ན་གཞོན་བརྒྱ་ཙམ་རྒྱལ་ཁབ་མ་འདྲ་བ་བཅུ་བཞི་བཅོ་ལྔ་ཞིག་ནས་ཆེད་བསྐུངས་ཀྱིས་ལྔ་དང་ལྔ་བཅུའི་འཆར་སྣང་ཞེས་པའི་ཚོགས་ཆེན་ཞིག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་བཀོད་སྒྲིག་འོག་བྱུང་པའི་གནས་ཚུལ་ཞིག་དང་འབྲེལ་ནས་ལས་ཚོགས་གྲོལ་རྗེས། རྒད་པོ་མྱོང་ལྡན་ཞིག་དང་ལྷན་དུ་ཕན་ཚུན་བསམ་ཚུལ་བརྗེ་རེས་ཀྱིས་ཐུན་མོང་བསམ་ཚུལ་འགའ་བྱུང་པ་མདོར་བསྡུས་ཤིག་འབྲི་འདོད་བྱུང་།

ལྔ་དང་ལྔ་བཅུ་ཡི་གོ་དོན་ཐད་བལྟས་ཀྱིས་བརྗོད་ན་ལྔ་ད་ལྟ་བཀའ་སྤྱི་གཉིས་ཀྱི་སྐབས་རེའི་དུས་ཡུན་ལོ་ལྔ་དང་ལྔ་བཅུ་དེ་རིང་ནས་བརྩིས་པའི་མ་འོངས་ལོ་ངོ་ལྔ་བཅུ་ཡིན་པ་ལ་འདོད་པ་གཅིག་མཚུངས་གཅིག་པ་བྱུང་། དེ་སྔོན་ལོ་འདིའི་ཟླ་ལྔ་བའི་ནང་བོད་མི་རྒན་པ་མྱོང་ལྡན་དང་མཁས་པ་བཀའ་སྤྱི་ལས་ཐོག་དང་། ལས་ཟུར་དོན་གཅོད་དང་དྲུང་ཆེ་ཆུང་བརྒྱ་ཕྲག་གཅིག་གཉིས་ཤིག་འཚོགས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་བ་མ་ཟད། གནའ་དེང་གི་ལོ་རྒྱུས་སྤྱི་དང་ཡང་དགོས་བོད་དོན་ཐོག་སྲིད་ཇུས་བཞེས་ཕྱོགས་བཀའ་སློབ་ལམ་སྟོན་ཟབ་མོ་གནང་པ་དོན་གཉེར་ཅན་ཡོངས་ཀྱི་དྲ་བརྙན་དང་ཚགས་པར་སོགས་ན་སྤྱི་མཚུངས་ཀྱི་མཇལ་རྒྱུ་ཡོད་པས་ཆེར་འཕྲོས་མི་དགོས་པར་བྱ།

ལྔ་དང་ལྔ་བཅུའི་འཆར་སྣང་ཚོགས་ཆེན་རིམ་པ་གཉིས་འཚོགས་པའི་སྔ་མ་དེའི་ཚོགས་ཐོག་ཏུ་གྲོས་གཞི་གྲོས་ཆར་གང་བྱུང་བཀའ་ཤག་གམ་འཛིན་སྐྱོང་གི་ཕྱི་བསྒྲགས་མ་གནང་པར་གསང་བ་ཡིན་གསུངས་བ་རེད། ཕྱི་མའི་གཞོན་སྐྱེས་ལྔ་དང་ལྔ་བཅུའི་ཚོགས་འདུའི་གྲོས་གཞི་གྲོས་ཆོད་གྲངས་ཀ་ཙམ་ལས་སྐབས་དེའི་འཚོགས་འདུ་བཀོད་སྒྲིག་པ་ཕྱི་དྲིལ་ཚད་མཉམ་དྲུུང་ཆེ་སོགས་ནས་གསར་ལམ་ཁག་དུ་བཅར་འདྲི་དང་ལེན་སྐབས་ཀྱི་བརྗོད་བྱ་གཙོ་བོ་ཚོགས་འདུའི་གོ་རིམ་དང་ཚོགས་ཞུགས་པའི་གྲངས། ཡོང་ཁུངས་སོགས་ལས་འཆར་སྣང་འདི་འདྲ་ཞིག་དགོས་པ་དང་ལག་ལེན་ཁེལ་བའི་ནུས་པ་ཡོད་མེད་སོགས་ཟུར་ཙམ་ཡོད་པ་མ་རེད།

ཚོགས་ཞུགས་པ་རྒྱལ་ཁབ་མང་པོ་ཞིག་ནས་ཕེབས་པ་དེ་སྤོབས་པར་བརྩི་་ཡི་འདུག་སྟེ་བོད་རིགས་འདུས་སྡོད་ཀྱི་ས་གནས་རྒྱལ་ཁབ་སུམ་ཅུ་ལྷག་ཡོད་པ་ཡིན་ན་བརྒྱ་ཆ་ལྔ་བཅུ་ཙམ་རེད། འོན་ཀྱང་དེ་གལ་ཆེན་ཅང་མ་རེད། གཙོ་བོ་འཆར་སྣང་ཅི་ཞིག་གི་ང་ཚོ་མ་འོངས་པར་དེ་རིང་ལས་ཀྱང་ལྷག་པའི་མི་རིགས་ཀྱི་ངོ་བོ་དང་སྐད་ཡིག ཆོས་ལུགས་གོམས་གཤིས་སོགས་རང་སོར་ཉར་ཚགས་བྱེད། ཅི་སྲིད་བདེན་མཐའ་མ་གསལ་བར་དུ་དེ་སྲིད་བོད་གངས་ཅན་པའི་དྲི་ཉམ་གྲ་མ་ནོག་པར་ས་སྒང་འདི་ནས་འཚོ་ཐུབ་པར་ཐབས་ཇུས་ཕུན་སུམ་ཚོགས་པ་ལ་གྲོས་བྱས་གཏན་ལ་ཕབས་དགོས་པ་དེ་མ་རེད་དམ།

འདས་པའི་ལོ་ངོ་དྲུག་ཅུ་ཙམ་འདི་ང་ཚོ་བོད་གཞི་བྱེས་གཉིས་ཀྱིས་ཕྱི་ནང་གི་འགལ་རྐྱེན་མང་པོ་ཞིག་ལ་གདོང་གཏད་ནས་འཛམ་གླིང་གི་སྐྱབས་བཅོལ་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཡིན་ཟེར་ནས་མཛད་གཙོ་རྣམ་པའི་ཞལ་རྒྱུན་ཡོད་པའང་འཆར་གཞི་ལོ་ལྔ་ཚན་དང་བཅུ་ཚན་བྱས་ནས་བྱུང་བ་ཞིག་རེད་ལ། བོད་བཙན་པོའི་རྒྱལ་རྒྱུད་ཉམ་ནས་བོད་སིལ་བུ་འཐོར་བའི་ལོ་ངོ་དགུ་བརྒྱ་ལྷག་ཅིག་དང་དེ་ནས་སྐྱ་ས་དང་ཕག་གྲུ། སྡེ་རིན་པ་སྤུངས། ཀརྨ་གཙང་པ། གཞུང་ས་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་བཅས་ཀྱི་བོད་དབང་བསྒྱུར་བ་ལས་བོད་ཆོལ་ཁ་གསུམ་ལ་ཁྱབ་པ་ཞིག་བྱུང་མེད་པ་ལོ་རྒྱུས་གང་མཇལ་ཀྱང་གསལ་པོ་རེད། འོན་ཀྱང་བོད་ས་རྒྱ་འོག་ཏུ་ཤོར་བ་ནས་༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་དང་སྐབས་དེའི་གཞུང་འཛིན་ཧྲག་བསྡུས་ཤིག་རྡོག་ཐོན་གྱིས་གཡུ་རྒྱལ་ལྷུན་རྩེ་རྫོང་དུ་ཆིངས་ཡིག་དོན་ཚན་བཅུ་བདུན་རྩིས་མེད་ཀྱིས་གསལ་བསྒྲགས་བསྐྱངས། རྒྱ་གར་ལ་འབྱོར་མཚམས་ཐོག་མར་མ་སུ་རུར་གསལ་འགོད་པའི་དྲི་ལན་དུ་ང་དང་བཀའ་ཤག་གང་ན་ཡོད་ན་དེ་ན་བོད་གཞུང་ཡོད་ཅེས་བཀའ་ལན་ཕེབས། ཆིག་སྟོང་དགུ་བརྒྱ་དྲུག་ཅུ་ཐམ་པ་ནས་མང་གཙོའི་སྲིད་གཞུང་དབུས་བརྙེས། བོད་ཆོལ་ཁ་གསུམ་ཆོས་ལུགས་དང་བཅས་པའི་ངོ་ཚབ་མཚོན་པའི་བཙན་བྱོལ་བོད་གཞུང་རིམ་པའི་འཐུས་ཚང་དང་དེང་དུས་ཀྱི་ཡང་དག་པའི་མང་གཙོའི་སྲིད་གཞུང་ཞིག་ཏུ་བསྒྱུར་ནས་ཆོས་སྲིད་ཀྱི་མཛད་པ་རླབས་ཆེན་བསྐྱངས་པ་འདི་འདྲ་ཞིག་བོད་ཀྱི་ལོ་རྒྱུས་ཁྲོད་བྱུང་མ་མྱོངས་པ་གསལ་པོ་རེད། ཕྱི་ལོ་༢༠༡༡ནས་སྐུ་དབང་ཆ་ཚང་མི་མང་གི་ཐད་ཀར་བདམས་པའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པར་ཆ་བགོས་ཀྱིས་ཆབ་སྲིད་ཀྱི་འགན་དབང་ལས་བགྲེས་ཡོལ་གནང་།

ད་ལྟ་བཙན་བྱོལ་གྱི་མི་རབས་གཉིས་པས་བོད་མིའི་བདེ་དོན་འཐབ་རྩོད་དང་མི་རིགས་ཀྱི་ངོ་བོ་ཇི་སྲིད་བདེ་མཐའ་མ་གསལ་བར་དེ་སྲིད་བདག་ཉར་ཡོང་ཐབས་ལ་ལྔ་དང་ལྔ་བཅུའི་འཆར་སྣང་འདི་གླེང་བ་ཡིན་ན་དེ་ལ་ཁ་ཡོད་ལག་ཡོད་ཀྱིས་གནད་ལ་ཁེལ་བ་ཞིག་དུས་ལ་བསྟུན་པའི་ཐབས་ཇུས་རང་བཞིན་ལྡན་པའི་འཆར་གཞི་ཞིག་དགོས་པ་སྨོས་མེད་རེད། ད་ལྟ་རྣམ་པ་མ་འདྲ་བའི་ཚོགས་ཆེན་གཉིས་འཚོགས་ཟིན་པས་བརྗོད་གཞི་དོན་ཚན་རང་བཞིན་ཅན་ཞིག་ཧ་ལམ་མེད་པར་དུས་རྒྱུན་བརྗོད་གཞི་གཅིག་གི་ཐོག་མཁས་པའི་བགྲོ་གླེང་དང་མྱོང་ཅན་གྱི་རྒྱས་སྟོན་འདྲ་ཞིག་ཏུ་མངོན་གྱི་ཡོད་ན་དེ་ཤོག་སྟོང་ཞིག་ཡིན་པས་མ་འོངས་པར་ཤོག་སྟོང་འདི་བཀའ་ཤག་སྐབས་བཅོ་ལྔ་བའི་ལོ་གཉིས་དང་ཕྱེད་ཀྱི་དུས་ཚོད་འདིའི་སྒང་ལ་བཏང་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་རྩིས་འབུལ་ཞུ་དུས་འཆར་སྣང་འདི་འཆར་གཞི་ལ་འགྱུར་ཐུབ་པ་ཞིག་དགོས་པ་དེ་རེད།

བོད་མིའི་སྒྲིག་འཛུགས་དང་བོད་དོན་དང་འབྲེལ་པའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཆེ་ཆུང་གང་ཡིན་ནའང་ངོ་བོ་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་བདེ་སྡུག་སྒྲུབ་མཁན་ཡིན་ཟེར་གྱི་ཡོད་རེད། ཐ་ན་གསར་ཁང་ཞིག་ཡིན་ནའང་བོད་ནང་གི་བདེ་སྡུག་དང་བོད་མིའི་གནས་ཚུལ་དེ་རྒྱལ་སྤྱིའི་སྡིང་ཆ་གང་ཞིག་ལ་སྐྱེལ་བའི་འགན་འཁྲི་ཡོད་པ་སྨོས་མེད་རེད། ཞིབ་ཏུ་བསམ་ན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོ་ཞིག་ཉིས་སྟོང་བརྒྱད་ལོའི་བོད་ས་ཡོངས་ནས་སྒེར་ལངས་ཀྱི་ས་བྱི་ཞི་རྒོལ་ཆེན་པོ་དང་ཉིས་སྟོང་དགུ་ལོའི་རང་ལུས་མེར་བསྲེགས་ཀྱི་ལྕགས་ཡོས་ཆེན་མོའི་ཞི་རྒོལ་སོགས་དང་འབྲེལ་ནས་ཆར་ཤུལ་ཤ་མོ་ལྟར་བྱུང་བ་རེད། ལོ་བཅུ་རྗེས་ཀྱི་དེ་རིང་མང་པོ་ཞིག་རྐང་རྗེས་ཙམ་ཡང་མེད་པར་ནང་མི་འཁོར་དང་བཅས་པ་བདེ་ས་སྐྱིད་ས་རེར་སྙེགས་ནས་ཁ་ཕོ་ཆེན་པོ་རེ་བཤད་ན་མིག་ཀྱང་མི་བཙུམས་པའི་དེང་དུས་ཀྱི་ཡོན་ཏན་ཡོད་ཟེར་མཁན་མང་དག་ཅིག་བྱུང་བ་རེད་དེ། མ་འོངས་པར་ང་ཚོ་མི་གཞི་དང་ཀུན་སྤྱོད་བརྒྱ་ཆ་གསུམ་ཅུ་བཞི་བཅུ་མར་ཆགས་རྒྱུ་ཡིན་པ་བསྟན་ཡོང་ཡོད་པ་རེད།

སྒྲིག་འཛུགས་ཀྱི་མཐོ་རིམ་ལས་བྱེད་མང་པོ་ཞིག་གི་རྐང་པ་གཉིས་བཙུགས་ཀྱིས་ཉིན་རེའི་ལས་དོན་འཆར་ཅན་གྱི་མགོན་ཁང་གི་ཞབས་བསྟན་སྒྲུབ་པ་ལྟར་བྱས། གཤམ་འོག་གི་ལས་བྱེད་མང་པོ་ཞིག་བཀོལ་ཆོག་མངགས་ཀྱི་སྒེར་དབང་སྤྱོད་ས་ཞིག་ལས་རང་ནུས་དང་ཡོན་ཏན་མངོན་ས་དོག་མོ་རེད། ཚང་མ་རྒྱུད་གཅིག་ལམ་གཅིག་ནང་བཞིན་ཆགས་སོང་ན་མ་འོངས་པའི་བརྒྱུད་དགོས་པའི་ལོ་ལྔ་བཅུའི་ལམ་དེ་ཁོད་སྙོམས་ལ་གཞི་རྒྱ་ཆེ་བའི་ལམ་ཞིག་ཏུ་འགྱུར་ཐུབ་བམ།

བཀའ་སྤྱི་གཉིས་ནི་ལོ་ལྔ་རྗེས་མ་དེའི་ཆེད་ཁོ་ན་བསམ་ནས་བདུད་ནུབ་ན་ཡོད་ཀྱང་གཏོར་མ་ཤར་ལ་གཡུགས་ཞེས་པའི་དཔེ་རུ་འགྱུར།  ཚོགས་དུས་ཚང་མ་ནང་འཛིང་གིས་ང་བཟང་ཁྱོད་ངན་གྱི་མཇུག་བསྡུས་ནས་དམངས་སེམས་དཀྲུགས། སྤྱི་ཚོགས་དུམ་བུ་བཟོ་གང་ཐུབ་དང་རང་རྒྱབ་ལ་སྤུངས་གང་ཐུབ་ལ་འབད་འབད་གྲུང་གྲུང་བྱེད་པ་ལས་འཛིན་སྐྱོང་བཀའ་ཤག་ལ་གནད་ལ་ཁེལ་བའི་དྲི་བ་དང་ལམ་སྟོན་བྱེད་ཐུབ་མཁན་མི་རྒན་སྤྱོད་ཡོན་གཉིས་ལྡན་རེ་ཟུང་་ཡོད་པ་ལས། གྲོས་ཚོགས་འཚོགས་པ་དང་འདྲེ་ཁོག་ཞུགས་ལྟར་རང་གིས་གང་བཤད་ཀྱང་ཚོད་ཐུག་གི་མེད་པ་སྔ་འདང་ཕྱི་མེད་པ་ད་ལྟའི་སྤྱི་འཐུས་ཚོའི་ངོ་བོ་རེད།  དེ་འདྲ་ཕན་ཚུན་ལ་མི་དགའ་བ་དང་སྡང་སེམས་ཡོད་ན་ལས་ཤག་གཅིག་ན་ཡོད་པས་གྲོས་ཚོགས་ར་བ་མིན་རུང་ཐུག་ས་དང་བཤད་ས་མང་པོ་རེད།

ང་ཚོ་ཕྱི་སྡོད་བོད་པ་ཚོས་བོད་ནང་གི་བོད་མི་ཚོའི་མགྲིན་ཚབ་པ་ཡིན་མདོག་བཤད་པ་འདི་༧གོང་ས་སྐྱབས་མགོན་ཆེན་པོ་དང་བསྟན་བདག་རླབས་ཆེན་རྣམ་པས་ཐུགས་བསྐྱེད་ལམ་སྟོན་རེད་མ་གཏོགས་བཀའ་སྤྱི་སུས་ཀྱང་དེ་རིང་ཁ་སང་གི་བྱ་སྤྱོད་འདི་འདྲ་ཞིག་གིས་བོད་ནང་ཕར་ཞོག་བོད་ཕྱི་ན་ཡོད་པའི་བོད་མི་ཚོར་ཡང་ཚབ་མཚོན་ཡོང་རྒྱུ་ཁག་པོ་ཞེ་དྲག་རེད། ཡང་ཁག་ཅིག་གིས་འོས་བསྡུའི་སྒྲིག་གཞིའི་མ་འགྲིག་མདོག་མདོག་བཤད་མཁན་དང་འབྲི་མཁན་འདུག་ན་དེ་ཟབ་མོའི་དགོངས་པ་མ་གཏོགས་པའི་ཅོལ་ཆུང་ལབ་རྡོལ་འབའ་ཞིག་ཏུ་འཁུམས། སྟོད་འགག་སེར་བོ་ཅན་གྱི་དགེ་བཤེས་དང་སློབ་དཔོན་གྱི་མིང་འཛིན་རྣམ་པ་ཚོ་བཞེངས་ན་འཇིགས་འཇིགས་གསུངས་ན་འདྲ་ཆགས་འདྲ། དོན་ལ་སྟོང་བ་ཉིད་དུ་འཁུམས། སྤྱིར་སངས་རྒྱས་ཀྱི་བསྟན་པའི་མཚན་བྱས་ནང་དགོས་སུ་རང་ཆོས་རྒྱུད་ཀྱི་སྐྱེས་ཆེན་ཚོའི་མཚན་གནས་རྗེས་འབྲེལ་ཡིན་དུས་ཧ་ཅང་གཟབ་ན་མ་གཏོགས་མི་རབས་ནས་མི་རབས་ལ་མི་ཟད་ཀྱང་གཏམ་མི་ཟད་པའི་གནས་སུ་མི་འགྱུར་པའི་ངེས་པ་མེད། ཚོགས་འདུ་ཚོགས་ནས་གྲོས་ཆོད་རི་ལྟར་སྤུངས་ཀྱང་ལག་ལེན་ཀླད་ཀོར་དང་གྲུབ་འབྲས་ལྡོག་གཟུགས་ཡིན་ན་ཁྱེད་ཅག་ལོ་གཉིས་ལ་ཐེངས་གཉིས་འཚོགས་པ་ལས་མ་ཚོགས་ན་དགའ་ཡི་རེད།

ད་ལྟའི་དུས་སུ་བོད་མིའི་སྒྲིག་འཛུགས་གཙོའི་ཚོགས་སྡེ་ཚང་མའི་ཟབ་སྦྱོང་ཉིན་གསུམ་བཞི་རེ་ཚོགས་ནས་རོགས་ཚོགས་ནས་ཐེབས་དངུལ་ལེན་ཐབས་ཙམ་ལས་ཕན་ཐོགས་ངོ་མ་ཡོང་གི་ཡོད་མེད་ལ་བསམ་གཞིགས་བྱེད་ཀྱི་ཡོད་དམ། ང་ཚོ་གཞན་རྟེན་ལ་གོམས་དྲག་ནས་ང་ཚོ་རང་ཉིད་ཀྱི་ངོ་བོ་དང་སྐད་ཡིག་མདོར་ན་ཚང་མ་གཞན་རྗེས་འབྲངས་སྤྱད་ཅིག་ནས་ཅང་མ་ཡིན་ན་ང་ཚོས་ཅི་ཞིག་ལ་ཕ་མ་བུ་ཕྲུག་ཁ་བྲལ་བླ་མ་སློབ་མ་ཞལ་གྱེས་ནས་མི་ལོ་ཧྲིལ་པོ་དྲུག་ཅུ་ཙམ་སྡུག་ཁོག་ལ་བཅུག་ནས་སྡོད་དགོས་བྱུང་བ་རེད།

ལྔ་དང་ལྔ་བཅུ་ཡིན་ན་རེད་གྲོས་ཚོགས་ཀྱི་ཉིན་བཅུ་ཡིན་ནའང་རེད། གང་ལྟར་ང་ཚོའི་འཆར་སྣང་དེ་འཆར་གཞི་ལ་བསྒྱུར་ནས་འཆར་གཞི་དེ་ཡོངས་ལ་ཁྱབ་པའི་སྤྱི་སྨན་ཞིག་ཡོང་པར་འབད་དགོས་པ་ལས་ཆབ་སྲིད་པ་ཚོས་རྐུབ་སྟེགས་སྲུང་བྱེད་དང་འོས་ཤོག་ཉོ་སྤྱད་ཅིག་ཏུ་བཀོལ་བཞག་པ་ཡིན་ན་དེ་ནི་འཆར་སྣང་ཞེ་མེར་བ་ཞིག་ལས་འཆར་གཞི་སྐྱུག་བྲོ་བ་ཞིག་ལས་གཞན་ཅི་ཡང་མ་རེད།

མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་ལྟ་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་ཚུལ་ཡིན་པས་མ་ཁྱབ།

བསྐྱར་བཅོས།: ༢༠༡༨/༠༩/༡༤

Leave a Reply

5 thoughts on “ལྔ་དང་ལྔ་བཅུ་ལས་འཕྲོས་པའི་གཏམ།

  1. གཞུང་པ་ཚེ་དབང་བསོད་ནམས་

    རང་བཙན་དགོས་ན་ལྔ་བཅུར་རྒྱང་བལྟ་དགྱིས་།
    དབུ་ལམ་དགོས་ན་ལྔ་ལ་མདུན་བསུ་དགྱིས་།
    དེ་གཉིས་གང་དགོས་རང་གི་བློ་ཐག་ཆོད་།
    གཞན་ཟེར་རྗེས་འབྲངས་ཁྱི་ཡིའི་ལུགས་སྲོལ་རེད་།

  2. ༄༅། རྩོམ་བྲིས་ཚང་མ་ཡིན་ན་དང་། བསམ་གྱི་འདུག་ སྙམ་གྱི་འདུག་
    མ་རེད་པས། ཡིན་ས་རེད། བྱུང་ན་སོགས་རྐྱང་རྐྱང་རེད་འདུག།

  3. ལྷ་རྙིང་འཇམ་དཔལ་ཤེས་རབ།

    བསྟན་འཛིན་མཚུངས་མེད་ལགས་ཀྱིས་རྩོམ་ཐུང་འདི། དངོས་འབྲེལ་རྣག་ཐོག་གཙག་འཁེལ་གྱི་དཔེ་ལྟར་དོན་དངོས་ད་ལྟའི་བཀའ་སྤྱི་གཉིས་ཀྱི་དོན་དངོས་མེད་པའི་ཁ་ཕོ་དང་འུད་ཤོབ་ཀྱི་སྐྱོན་ཐེར་སྟོན་ཡག་པོ་བྱས་འདུག ཁོ་བོས་མངོན་པར་བསྟོད་དོ། ལྔ་དང་ལྔ་བཅུའི་འཆར་སྣང་ནི་འཆར་སྣང་རང་རེད། དོན་དངོས་གང་ཡང་མེཅ་པའི་ཚིག་སྐམ་གྱིས་མི་རྒྱུ་དུས་གསུམ་ཆུད་སོད་གཏོང་བ་ལས། མ་འོངས་བོད་མི་རིགས་འདི་ཉིད་འཛམ་གླིང་གི་གོ་ལ་ཡངས་པོ་འདིའི་ཐོག་འཚོ་གནས་ཐུབ་ཐབས་ལ་ཅི་ཡང་ཕན་ཐོག་མེད་པ་ཞིག་རང་རེད། ཅི་ཏེ་བོད་མི་རྣམས་རང་ཉིད་ཀྱི་མི་རིགས་འདི་་སྔར་བཞིན་ཤེས་རིག་གི་ཕྱུག་པའི་མི་རིགས་ཤིག་དང་། འཛམ་བུ་གླིང་འདི་ལ་ཞི་བདེའི་ལེགས་སྐྱེས་ཕུལ་མཁན་ཞིག་བྱ་འདོད་ན། ༧གོང་ས་༧སྐྱབས་མགོན་ཆེན་པོ་་མཆོག་གིས་གསུངས་པ་ལྟར། ་ལོ་ལྔ་དཔལ་་ན་ལེན་ཌ་ནས་བརྒྱུད་པའི་བོད་བརྒྱུད་ནང་དོན་རིག་པའི་གཞུང་ལུགས་ལ་ཐོས་བསམ་སློབ་གཉེར་བྱས།་ནས། དེའི་འབྲས་རྟགས་སུ་ལོ་ལྔ་བཅུའི་རིང་མཐོ་སྒང་འཛམ་གླིང་འདིར་ཞབས་འདེགས་ཞུ་རྒྱུའི་ལས་ལ་འབད་ཐབས་བྱེད་ཐུབ་ན། དེ་ནི་ལྔ་དང་ལྔ་བཅུའི་འཆར་སྣང་ངོ་མ་དེ་རེད།་སྙམ་མོ། འཐད་མིན་རིག་པ་དང་ལྡན་པ་ཚོས་དཔྱད་འཚལ་ལོ།།

    1. གང་ལྟར་ལྔ་དང་ལྔ་བཅུའི་འཆར་སྣང་གང་འདྲ་གླེང་ན་འཆར་སྣང་རང་རེད། སང་ཉིན་བཙན་བྱོལ་བོད་མི་ཚང་མ་བོད་ལ་གདན་འདྲེན་ཞུ་རྒྱུ་ཡིན་ཟེར་ན་ཡང་གླེང་ཆོག་ཆོག་རེད། རྒྱུ་མཚན་ང་ཚོའི་ཕ་ས་ཕ་ཡུལ་ཡིན་ཙང་། དེ་འདྲ་རེད་ད་གང་ཤིས་འཆར་སྣང་དག་དག་གླེང་རྒྱུ་ལས་མཐུན་འབྲེལ་ཐོག་ཁ་དོན་མཚུངས་པའི་ལས་ཀ་བསྒྲུབ་ན་ཡག་ས་རེད། ལྔ་དང་ལྔ་བཅུ་གསར་བཏོད་བྱས་ནས་གྲུབ་འབྲས་གང་བྱུང་མི་ཤེས་ར་མཐུན་ལམ་དང་ཁྱོལ་གསུམ་བར་དཀྲུགས་དཀྲུགས་བྱས་ཐ་འདི་དངོས་ཡོད་རེད། ད་ལྟའི་བཀའ་ཤག་ཚང་གི་ལག་ཡོང་ཡག་ཤོས་ཕར་ཆེར་ཡིན་ས་རེད། ད་མི་གླེང་དོན་མེད་རེད།