རྒྱ་ནག་གིས་མུ་མཐུད་ཨ་རུ་ན་ཅལ་ཁུལ་གྱི་ས་ཆ་འཕྲོག་གི་འདུག

རྒྱ་དཀར་ནག་གཉིས་བར་གྱི་ས་མཚམས་རྩོད་རྙོག་ཞི་འགྲིག་ཡོང་ཐབས་ཀྱི་གྲོས་ཆོད་ལས་བརྒལ་ཏེ་རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་དང་འབྲུག་གི་ས་མཚམས་སོགས་སུ་སིམ་འཛུལ་བྱེད་ཀྱི་ཡོད་འདུགཁ་སང་རྒྱ་གར་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ལྟ་ཞིབ་ཚོགས་ཆུང་གི་སྙན་ཐོ་བསྒྲགས་པ་ལྟར་ན།  ལོ་སྔོན་མ་ནས་བཟུང་རྒྱ་དཀར་ནག་གཉིས་བར་འབྲོག་ལམ་ཁུལ་གཙོས་ས་མཚམས་ཐོག་རྩོད་རྙོག་ཤུགས་ཆེན་བྱུང་སྟེ།  འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༠ ཉིན་ཕྱོགས་གཉིས་ཀྱི་དམིགས་བསལ་སྐུ་ཚབ་ཐུག་འཕྲད་བྱས་ཏེ་ས་མཚམས་རྩོད་རྙོག་ཞི་འགྲིག་ཡོང་ཡོད་ནའང་། ལྟ་ཞིབ་ཚོགས་ཆུང་དེས་ས་མཚམས་ཁག་ཏུ་ཞིབ་འཇུག་བྱེད་སྐབས། རྒྱ་ནག་གིས་རྒྱ་དཀར་ནག་གཉིས་བར་གྱི་ས་མཚམས་ཞི་འགྲིག་གི་གྲོས་ཆོད་སྣང་མེད་དུ་བཞག་སྟེ། ཨ་རུ་ན་ཅལ་ཁུལ་གྱི་ས་མཚམས་བདག་བཟུང་བྱེད་བཞིན་ཡོད་སྐོར་བརྗོད་འདུག

ཡང་ལྟ་ཞིབ་ཚོགས་ཆུང་དེས་རྒྱ་གར་གཞུང་ནས་ངེས་པར་དུ་རྒྱ་ནག་ལ་ས་མཚམས་ཞི་འགྲིག་གི་གྲོས་ཆོད་དེ་ལག་བསྟར་བྱེད་དུ་འཇུག་རྒྱུ་དང་།  ད་དུང་ས་མཚམས་བརྟན་ལྷིང་དང་སྲུང་སྐྱོབ་ཆེད་འགྲོ་ལམ་འཛུགས་སྐྲུན་སོགས་ཇེ་ལེགས་སུ་བཏང་སྟེ། རྒྱ་གར་གྱི་དམག་མིའི་འགྲོ་འདུག་སྤྱོད་གསུམ་དང་། ལྷག་པར་དུ་ཛ་དྲག་གི་གནས་སྟངས་སྐབས་དམག་ཆས་སོགས་དབོར་འདྲེན་བྱེད་པར་དཀའ་ངལ་མེད་པ་བཟོ་དགོས་པ་སོགས་ཀྱི་འབོད་སྐུལ་ཡང་ཞུས་ཡོད་པ་ལྟར། ཚོགས་ཆུང་དེའི་སྙན་ཐོར་རྒྱ་གར་བདེ་སྲུང་ལྷན་ཁང་དང་། ཕྱི་སྲིད་ལྷན་ཁང་། ནང་སྲིད་ལྷན་ཁང་བཅས་ནས་ཉན་ཞིབ་ཡག་པོ་བྱས་ཏེ་ལག་བསྟར་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

ལྟ་ཞིབ་ཚོགས་ཆུང་དེའི་སྙན་ཐོའི་ནང་།  ཕྱི་ལོ་ ༢༠༠༥ ལོར་ས་མཚམས་ཐོག་བཞག་པའི་གྲོས་ཆོད་ནང་མི་མང་གནས་སྡོད་བྱེད་བཞིན་པའི་ས་ཁུལ་ལ་གནོད་སྐྱོན་གཏོང་མི་ཆོག་ཞེས་བརྗོད་ཡོད་ཀྱང་། རྒྱ་ནག་གིས་རྒྱ་གར་མི་མང་འབུམ་ཕྲག་མང་པོ་གནས་སྡོད་བྱེད་སའི་ཨ་རུ་ན་ཅལ་གྱི་ས་ཆ་བདག་བཟུང་བྱེད་བཞིན་ཡོད་པ་དེས། རྒྱ་ནག་གིས་རྒྱ་དཀར་ནག་གཉིས་བར་གྱི་ས་མཚམས་གྲོས་ཆོད་སྣང་མེད་གཏོང་གི་ཡོད་པ་བསྟན་ཡོད།  ཅེས་བརྗོད་འདུག

ཡང་ལྟ་ཞིབ་ཚོགས་ཆུང་དེས།  རྒྱ་གར་གྱིས་ས་མཚམས་ཁག་སྲུང་སྐྱོབ་བྱེད་ཐུབ་ཀྱི་མེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི། འཛུགས་སྐྲུན་དང་ལམ་ཁ་སོགས་ཡག་པོ་མེད་པའི་རྐྱེན་ཡིན་པ་དང་། དེ་བཞིན། རྒྱ་ནག་གིས་འགྲོ་ལམ་འཛུགས་སྐྲུན་དང་སྡོད་ཁང་སོགས་བརྒྱབས་ཏེ་ས་མཚམས་བར་བསླེབས་ཡོད་སྟབས། དེས་ཕྱོགས་གང་ཐད་ནས་རྒྱ་ནག་ལ་ཁེ་སྤོགས་ཡོད་སྐོར་བརྗོད་འདུག

ན་ནིང་ཕྱི་ཟླ་ ༥ པ་ཙམ་ནས་རྒྱ་དཀར་ནག་གཉིས་བར་འབྲོག་ལམ་ཁུལ་དུ་ས་མཚམས་རྩོད་རྙོག་ཛ་དྲག་ཏུ་གྱུུར་ཏེ། ཕྱོགས་གཉིས་ནས་ས་མཚམས་སུ་དམག་མི་འབོར་ཆེན་འཇོག་རེས་བྱས་ཡོད་པ་དང་ ལོ་དེའི་ཕྱི་ཟླ་ ༨ པའི་ནང་ཕྱོགས་གཉིས་ནས་གྲོས་མོལ་བྱས་པ་བརྒྱུད་དམག་མི་ཕྱིར་འཐེན་བྱས་ཡོད་འདུག ཕྱི་ལོ་ ༢༠༠༣ ལོར་རྒྱ་དཀར་ནག་གཉིས་བར་དམིགས་བསལ་སྐུ་ཚབ་ཐུག་འཕྲད་ཀྱིས་ས་མཚམས་གྲོས་ཆོད་དེ་བཞག་ཡོད་པ་དང་། རྩོད་རྙོག་ཞི་འགྲིག་ཆེད་ད་བར་གྲོས་མོལ་ཐུག་འཕྲད་ཐེངས་ ༢༠ ལྷག་བྱས་ཡོད་འདུག ཡིན་ནའང་། ཕྱིའི་རྣམ་པ་ཙམ་མ་གཏོགས་དོན་ཕན་ལྡན་པ་ཞིག་ཡོང་གི་མེད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༩/༡༥

Leave a Reply