གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས་གནང་།

སྤྱི་འཐུས་ཚོགས་གཙོ་མཆོག་ནས་གྲོས་ཚོགས་ལ་བོད་མི་ཙམ་མིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ནང་དུའང་དོ་སྣང་ཤུགས་ཆེན་གནང་གི་ཡོད་པས་སྤྱི་པའི་སྒྲིག་འཛུགས་དང་སྤྱི་པའི་ལས་དོན་ལ་ནུས་པ་འཐོན་ཐབས་ཀྱི་སྒོ་ནས་ཆ་ཤས་ལེན་གལ་ཆེ་སྐོར་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པ་དབུ་འཛུགས་གནང་སོང་བ་དང་། དབུ་འཛུགས་ཐོག་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོའི་དབུས་སྤྱི་འཐུས་རྣམ་པ་དང་། སྲིད་སྐྱོང་མཆོག་གི་དབུས་པའི་ཕྱག་རོགས་བཀའ་བློན་རྣམ་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་དོ་འཁུར་ཅན་གྱི་ཟུར་ཉན་པ་བཅས་འཛོམས་འདུག་ལ། ལས་དོན་ཆེད་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ནས་ཕྱི་ཚེས་ ༢༡ བར་དང་ཡུ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས་ནས་ཕྱི་ཚེས་ ༢༢ བར་དགོངས་པ་ཞུས་ཡོད་འདུག

ཚོགས་དུས་དབུ་འཛུགས་ཐོག་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་དབུ་འཛུགས་ཀྱི་གསུང་བཤད་གནང་སྐབས། བོད་ནང་གི་བོད་མིའི་ཚོས་ལྷག་བསམ་དང་སྙིང་སྟོབས། སེམས་ཤུགས་ཞུམ་པ་མེད་པའི་ཐོག་ནས་ཕྱོགས་གཅིག་ནས་མི་རིགས་ཀྱི་སྐད་ཡིག་དང་། ཐུན་མིན་གྱི་གོམ་སྲོལ་སོགས་དམ་འཛིན་དང་མི་ཉམས་གོང་སྤེལ་བྱེད་པ། ཕྱོགས་གཞན་ཞིག་ནས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འདོད་པ་མེད་པའི་རྣམ་འགྱུར་གྱི་ཐོག་ནས་གྱ་གྲངས་གཡས་གཡོན་དང་ཕྱི་ལོ་ ༢༠༠༨། ལྷག་པར་དུ་ཕྱི་ལོ་ ༢༠༠༩ ནས་ཕྱི་ལོ་ ༡༠༡༨ ཟླ་ ༣ ཚེས་ ༡༧ བར་དུ་ང་ཚོས་དངོས་སུ་ཤེས་རྟོགས་བྱུང་བ་བོད་མི་གྲངས་ ༡༥༢ ཀྱིས་རང་ལུས་མེར་སྲེག་བཏང་ཡོད་པ་རེད། དེ་བཞིན་རྒྱ་གཞུང་གིས་ཁོང་རྣམ་པའི་མངོན་འདོད་གཞིར་བཟུང་ཐོག་ཞིབ་འཇུག་དང་ཚུལ་ལྡན་གྱི་ལན་འདེབས་སྤྲད་མེད་པ་རེད། དེ་ལས་ལྡོག་སྟེ་ཁོང་རྣམ་པའི་བློས་གཏོང་ལ་གཞི་མེད་སྒྲོ་གུར་དང་ཁ་གཏོང་གི་ཡོད་པ་རེད། དེ་འདྲའི་ཐོག་ནས་བོད་ནང་གི་བོད་མི་དང་རྒྱ་ནག་ནང་གི་རྒྱ་མི་རིགས། དེ་བཞིན་རྒྱལ་སྤྱིའི་གནས་བབ་ཐོག་ལ་ཡང་ཁ་ཕྱོགས་བསྒྱུར་བའི་ཐབས་ཤེས་དང་འབད་བརྩོན་བྱེད་བཞིན་ཡོད་པ་དེ་གསལ་པོ་རེད། དེ་བཞིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། སྐད་ཡིག་དང་ཁོ་ཡུག་གི་གནས་སྟངས་སོགས་ལ་ཞིབ་འཇུག་བྱས་ནས་གཟིགས་པ་ཡིན་ན། ཉིན་རེ་ནས་ཉིན་རེར་སྡུག་ཏུ་འགྲོ་བཞིན་པ་དང་སེམས་འཚབ་ཆེ་རུ་འགྲོ་དགོས་པའི་གནས་སྟངས་ཤིག་ཆགས་འདུག ཅེས་གསུངས་སོང་།

 ཡང་གྲོས་ཚོགས་ཀྱི་ལས་རིམ་ལ་ཆ་ཤས་ལེན་སྐབས་འགན་འཁུར་དང་ཁུངས་ལུང་ལྡན་པའི་ཐོག་ནས་བཀའ་མོལ་གནང་དགོས་སྐོར་ཚོགས་གཙོ་མཆོག་གིས། བསམ་ཚུལ་མི་མཐུན་པ་ཡོང་ཆོག་གི་རེད་དེ་མཚམས་རེར་མི་སྒེར་སོ་སོའི་ཚོར་བའི་དབང་གིས་ཕན་ཚུན་རྣམ་འགྱུར་དྲགས་པོ་སྟོན་པ། དེ་བཞིན་ཚིག་རྩུབ་བཤད་རེས་དང་ལྷག་པར་དུ་སྡིགས་ར་ལྟ་བུའི་ཚིག་ཐ་ཤལ་དེ་འདྲ་ནམ་ཡང་བེད་སྤྱོད་མ་གཏོང་རོགས་ཞུ་རྒྱུ་དང་། སོ་སོའི་ངོས་ནས་ཀྱང་བོད་མི་མང་གི་སྐུ་ཚབ་ཡིན་བསམ་པ་ཞིག་དང་བོད་སྤྱི་པའི་ཐོག་ལ་འགན་འཁུར་བཞེས་ནས་བགྲོ་གླེང་གནང་རྒྱུ། དྲི་བ་དང་དྲིས་ལན་གྱི་ཆ་ཤས་གང་བཞེས་ཀྱང་ཁུངས་ལུང་རྒྱུ་མཚན་ལྡན་པ། སྲང་ལམ་བར་ཀྱི་སྐད་ཆའི་ར་བ་ལས་བརྒལ་ཐུབ་རྒྱུ། སྤྱི་པའི་ལས་དོན་དང་འབྲེལ་བ་ཡོད་པ། དེ་བཞིན་ཡ་རབས་དང་སྐད་ཡིག་ཚད་ལྡན་བེད་སྤྱོད་གནང་ཐུབ་པ་ཡིན་ན། གྲོས་ཚོགས་ཀྱི་ཆེ་མཐོང་དང་གྲོས་ཚོགས་ལ་དོ་སྣང་མཁན་རྣམ་པ་ཚོས་ཀྱང་དམིགས་བསལ་ཆེ་མཐོང་གཟིགས་ཐུབ་པ་དང་། ཚོར་སྣང་སྤྲོད་ཐུབ་དགོས་ཡ་དེ་ལྟ་བུ་ཆགས་ཀྱི་འདུག ཅེས་གསུངས་སོང་།

དེ་རིང་ལས་ཉིན་དང་པོའི་སྔ་དྲོར་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ནང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་འཕྱོངས་རྒྱས་གྲྭ་བཞི་བརྒྱ་དཔོན་སྐལ་བཟང་དགྲ་འདུལ་ལགས་དམ་པ་དང་། བོད་དོན་རྒྱབ་སྐྱོར་བ་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ (Sri. Atal Bihari Vajpayee) མཆོག དེ་བཞིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ ( John S. McCain) གསུམ་གྱི་ལོ་རྒྱུས་སྙིང་བསྡུས་སྙན་སྒྲོན་ཞུས་སོང་བ་དང་། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་དང་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་ཅན་ཞིག་བཏོན་ཏེ། སྤྱི་འཐུས་ཁག་ཅིག་དང་འཛིན་སྐྱོང་བཀའ་ཤག་ནས་བོད་ནང་གི་གནས་སྟངས་ཐད་དགོངས་ཚུལ་གསུངས་སོང་།

ཐེངས་འདིའི་ཚོགས་དུས་ཀྱི་ལས་ཉིན་ཧྲིལ་པོ་ ༡༠ རིང་འཆར་ཅན་ལྟར་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༧ དང་ ༢༠༡༨ ཀྱི་ལས་བསྡོམས་ཁག་དང་། ལས་བསྡོམས་ཁག་ལ་སྤྱི་འཐུས་རྒྱུན་ལས་ནས་གཟིགས་ཞིབ་གནང་བའི་སྙན་ཐོ་སྙན་སྒྲོན་ཞུས་ཏེ་དགོངས་ཚུལ་དང་དོགས་འདྲི། འཛིན་སྐྱོང་བཀའ་ཤག་ནས་གསལ་བཤད་ལན་འདེབས། གཞན་ཡང་། ཁྲིམས་སྒྲིག་བསྐྱར་བཅོས་ཁག་ཅིག་དང་ཁྲིམས་ཞིབ་པ་གཞན་གཅིག་བསྐོ་བཞག་སོགས་ཀྱི་ལས་རིམ་ཡོང་གི་ཡོད་འདུག་ལ། ཉིན་རྒྱབ་ཆོས་རིག་བཀའ་བློན་ཀརྨ་དགེ་ལེགས་མཆོག་ནས་ཆོས་རིག་ལས་ཁུངས་ཀྱི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་ཏེ་བགྲོ་གླེང་གནང་བཞིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༩/༡༨

Leave a Reply