བོད་རང་སྐྱོང་ལྗོངས་ཀྱི་མགོ་འཁྲིད་གསུམ་ལ་ཉེས་ཆད་བཅད།

རྒྱ་ནག་གཟུང་གིས་འགན་འཁྲི་མི་འཁུར་བ་དང་ལས་ཀར་འཇོན་ཐང་ཞན་པའི་ཕྱི་ཚུལ་རིང་ལུགས་པ་དང་དཔོན་ཉམས་རིང་ལུགས་པ་ཚོ་ཐེར་འདོན་བྱ་རྒྱུ་ཡིན་ཟེར།

ཁ་སང་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་གནས་ཚུལ་ལྟར་ན། བོད་རང་སྐྱོང་ལྗོངས་ཟེར་བའི་ཏང་ཡོན་ལས་བྱེད་པ་ཁག་ཅིག་གིས་དགོས་པའི་ལས་ཀ་མི་བྱེད་པ་དང་ལས་ཀ་ནར་འགྱངས་ཀྱིས། དགོས་མེད་མང་དྲག་པའི་ཡིག་ཆ་དང་ཚོགས་འདུ་སོགས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་ལས་ཀ་རྐྱང་བྱས་རྐྱེན། བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་རྫོང་དང་གྲོང་ཁྱེར་རིམ་པའི་དཔོན་རིགས་ ༣ ལ་ཉེས་ཆད་བཅད་ཡོད་སྐོར་བསྒྲགས་འདུག

ལྷ་ས་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཁང་ནས་གནད་དོན་དེ་དང་འབྲེལ་ནས་བརྡ་ཁྱབ་ཅིག་བཏང་བའི་ནང་། རིམ་ཁག་གི་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་མཐོ་རུ་བཏང་ནས་ཏང་གི་ལས་བྱེད་པའི་འགན་འཁྲི་མངོན་གསལ་དུ་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་མངོན་གསལ་དོད་པོར་སྣེ་འཁྲིད་ནས་ཐེར་འདོན་དང་གསལ་སྟོན་བྱས་ཏེ། རིམ་པ་ཁག་གི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་རྩད་གཅོད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞེས་བརྗོད་འདུག

ཡང་བརྡ་ཁྱབ་ནང་ལས་བྱེད་པའི་འགན་འཁྲི་དང་ལས་གནས་ཀྱི་འགན་འཁྲི་ལག་བསྟར་མི་བྱེད་པའམ་ཡང་ན་ལག་བསྟར་ཡང་དག་མི་བྱེད་པ། མཐོང་ཆེན་བྱེད་ཚད་མི་འདང་བ། རང་འགན་རང་གིས་མི་འཁུར་བ་དང་ལས་དོན་ཐད་ཏན་ཏིག་མེད་པ། བཟོ་ལྟ་ཙམ་སྟོན་པ་སོགས་ཀྱི་གནད་དོན་ལ་ཕྱོགས་ཡོང་ནས་རྩད་གཅོད་ནན་པོ་བྱེད་པ་མ་ཟད་བརྡ་ཁྱབ་ཀྱང་གཏོང་དགོས། གོང་རིམ་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་ཚུལ་ཐད་བློ་ཐག་ཆོད་པོ་མེད་པ་དང་། དགོས་པའི་ལས་ཀ་མི་བྱེད་པར་ལས་ཀ་ནར་འགྱངས་བྱེད་པ་སོགས་ཀྱི་གནད་དོན་ལ་ཞིབ་བཤེར་རྩད་གཅོད་དང་འགན་འཁྲི་བདའ་འདེད་ནན་པོ་དང་ཐག་གཅོད་ནན་མོ་བྱེད་དགོས། ཞེས་བརྗོད་འདུག

ད་ལན་ཉེས་ཆད་ཕོག་པའི་མགོ་འཁྲིད་གསུམ་ནི་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་གི་རྫོང་དཔོན་གཞོན་པ་ཏིང་ཡུང་ཐའོ་དང་། གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཕུན་ཚོགས། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་མི་རིགས་ཆོས་ལུགས་ལས་དོན་དོ་དམ་ཁང་གི་རྫོང་དཔོན་གཞོན་པ་ཁའོ་ཡོན་ཁྲ་སིལ་ཟེར་བ་བཅས་ཡིན་པ་དང་། ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་གི་རྫོང་དཔོན་གཞོན་པ་ཏིང་ཡུང་ཐའོ་ཡིས་ཕྱི་ལོ་ ༢༠༡༦ ལོར་མཚོ་སྣ་རྫོང་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་གཏང་ཡུལ་གྱི་འགན་འཁུར་བ་དང་པོ་དང་། རྒྱུགས་དོན་ལས་ཀའི་མགོ་འཁྲིད་ཚོགས་ཆུང་གི་ཚོགས་གཙོ་བྱེད་སྐབས་རྐུ་བཤུའི་གནད་དོན་བྱུང་བ་སོགས་ཀྱིས་གླ་ཆ་ཕྱེད་གཅག་གི་ཉེས་ཆད་བཅད་ཡོད་སྐོར་སོགས་བརྗོད་འདུག

གཞན་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཡིས་ཕྱི་ལོ་ ༢༠༡༢་ལོར་ལྷོ་ཁ་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་གྱིས་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱེད་སྐབས། ཁང་ས་མེད་པ་སོགས་ཀྱི་གནད་དོན་གྱི་རྐྱེན་པས་དུད་ཚང་མང་པོའི་རེ་ཞུ་ནར་འགྱངས་ཡུན་རིང་བྱས་ནས་དམངས་ཕན་མ་དངུལ་དོན་འཁྱོལ་མ་ཐུབ་པ་དང་། སྤུ་ཧྲེང་རྫོང་མི་རིགས་ཆོས་ལུགས་ལས་དོན་དོ་དམ་པས་ཕྱི་ལོ་ ༢༠༡༢ ལོར་མི་རིགས་ཆོས་ལུགས་ལས་ཁུངས་ཀྱི་གྲངས་ཉུང་མི་རིགས་ཀྱི་ལས་འགན་སྒྲུབ་པའི་འཇོན་ཐང་ཞན་པ་དང་། ལས་ཀ་ཞིབ་བཤེར་རྩིས་ལེན་ཕྱི་ཚུལ་ཙམ་དུ་ལུས་ཁར་ཞིབ་བཤེར་རྩིས་ལེན་གྱི་ཡིག་ཆ་ཡང་རྫུན་མ་བཟོས་ཡོད་སྟབས། ཁོང་གཉིས་ལ་ལྷ་ས་དམར་ཤོག་ཚོགས་པའི་ཏང་ནང་ཁུལ་དུ་སྐྱོན་བརྗོད་དང་ལས་དོན་ཐེར་འདོན་བྱེད་པའི་ཉེས་ཆད་བཅད་ཡོད་སྐོར་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༩/༡༨

Leave a Reply