ཀརྨ་དགྲ་འདུལ་ལགས་ཁྲིམས་ཞིབ་པ་གཞན་དུ་བདམས།

ཆོས་རིག་དྲུང་འཕར་ཀརྨ་དགྲ་འདུལ་ལགས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་གཞན་དུ་བདམས་ཐོན་བྱུང་།

དེ་རིང་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་གཉིས་པའི་སྔ་དྲོར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༣ པའི་ནང་གསེས་དང་པོའི་དགོངས་དོན་ལྟར། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་འོས་མི་འདེམས་སྒྲུག་ཚོགས་ཆུང་ནས་མཚན་འདོན་གནང་བའི་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་གཞན་གྱི་འོས་མི་ནང་སྲིད་དྲུང་འཕར་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་དང་། ཆོས་རིག་དྲུང་འཕར་ཀརྨ་དགྲ་འདུལ་ལགས་གཉིས་ཀྱི་ལོ་རྒྱུས་སྙིང་བསྡུས་སྙན་སྒྲོན་ཞུས་ཏེ།  ངོ་ཡོད་སྤྱི་འཐུས་ ༤༣ ནས་གསང་བའི་འོས་ཤོག་བླུགས་པ་བརྒྱུད། འོས་ཤོག་གཅིག་སྟོང་པར་ལྷག་པ་ཕུད་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་ལ་འོས་གྲངས་ ༢༡ དང་། ཀརྨ་དགྲ་འདུལ་ལགས་ལ་འོས་གྲངས་ ༢༡ ཐོབ་སྟེ་བསྐྱར་དུ་འོས་བླུགས་དགོས་བྱུང་

ཉིན་གུང་བསྐྱར་དུ་འོས་ཤོག་བླུགས་པ་བརྒྱུད་འོས་ཤོག་གསུམ་རྩིས་མེད་དུ་ཕྱིན་པ་ཕུད་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་ལ་འོས་གྲངས་ ༡༩ དང་། ཀརྨ་དགྲ་འདུལ་ལགས་ལ་འོས་གྲངས་ ༢༡  ཐོབ་སྟེ། ཀརྨ་དགྲ་འདུལ་ལགས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་གཞན་དུ་བདམས་ཐོན་བྱུང་སོང་།

ཀརྨ་དགྲ་འདུལ་ལགས་ཕྱི་ལོ་༡༩༥༨ ལོར་བོད་དུ་སྐྱེས་ཤིང་བཙན་བྱོལ་དུ་འབྱོར་རྗེས་སློབ་སྦྱོང་གི་གོ་སྐབས་ཐོབ་ཡོད་པ་དང་། སློབ་མཐར་ཕྱིན་རྗེས་ཤེས་རིག་ལས་ཁུངས་དང་བདེ་སྲུང་ལས་ཁུངས་ཀྱི་བཀའ་དགོངས་བཞིན་དྭང་སློབ་ཁོངས་ཆེད་སྐྱོད་ཀྱིས་ལོ་ཤས་ཞབས་ཞུ་ཞུས། ཕྱི་ལོ་༡༩༧༦ ནས་ ༡༩༧༧ བར་ལྡི་ལིར་བཀའ་ཤག་གི་ཐད་ཀར་འཛིན་སྐྱོང་འོག་སྲི་ཞུ་བ་ལས་བྱེད་གྲངས་ ༧ དང་ཁྱབ་ཁོངས་འདེམས་སྒྲུག་ཀྱི་གཞོན་སྐྱེས་ལྔར་ཆབ་སྲིད་ལ་མཁོ་གནད་ཆེ་བའི་ལས་རིགས་སློབ་སྦྱོང་ལོ་གཅིག་གི་གོ་སྐབས་ཐོབ། དེའི་རྗེས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སླར་མཉམ་འབྲེལ་ནང་ཚོང་ལས་འགན་འཛིན་ལོ་ཤས་གནང་།

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་བདག་གཉེར་ཁང་ནས་བསྐོ་བཞག་གནང་བ་ལྟར། ཕྱི་ལོ་ ༡༩༨༩ ཟླ་ ༧ ཚེས་ ༡ ཉིན་ནས་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ལས་ཁང་གི་ལས་དྲུང་དང་། ཕྱི་ལོ་ ༡༩༩༤ ལོར་བཀོད་ཁྱབ་གཞིར་བཟུང་ཧོན་སུར་རབ་རྒྱས་གླིང་མཉམ་འབྲེལ་དྲུང་ཆེར་གནས་སྤོས་བཏང་། ཕྱི་ལོ་ ༡༩༩༨ ལོར་ནང་སྲིད་ལས་ཁུངས་ཀྱི་མཐུན་འགྱུར་འོག་ཨི་ཛི་རལ་དུ་མཉམ་འབྲེལ་གྱི་ལས་གཞི་ཁག་དང་དངུལ་ཁང་ཆུང་རིགས་ཀྱི་ལས་དོན་ཞུ་ཕྱོགས་ཐོག་ཟབ་སྦྱོང་དུ་བསྐྱོད་དེ། ཕྱིར་འཁོར་མཚམས་སྦེལ་ཀོབ་གཞིས་གསར་བདེ་སྐྱིད་སླར་གསོའི་མཉམ་འབྲེལ་དྲུང་ཆེ་དང་ཕྱི་ལོ་༢༠༠༡ ལོར་གནས་འཕར་གྱིས་བདེ་སླར་གཞིས་མགོར་བསྐོ་བཞག་གནང་།

ཕྱི་ལོ་༢༠༠༧ ལོར་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་(CEO) ཐོག་ཞབས་གཡར་ལོ་གཉིས་དང་ཕྱེད་ཀར་གནང་། ཕྱི་ལོ་ ༢༠༠༩ ལོར་དབུས་ཀྱི་གཞིས་ཆགས་མན་སྤར་ཕན་བདེ་གླིང་གི་ས་གནས་མགོ་འཛིན་དང་། ཕྱི་ལོ་ ༢༠༡༡ ལོར་མན་སྤར་ནས་གནས་འཕར་ཐོག་འབྲས་ལྗོངས་སྒང་ཏོག་ས་གནས་མགོ་འཛིན། ཕྱི་ལོ་༢༠༡༣ ལོར་སྒང་ཏོག་ནས་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་ས་གནས་མགོ་འཛིན་དུ་བསྐོ་བཞག་གནང་། ཕྱི་ལོ་ ༢༠༡༦ ལོར་གནས་རིམ་འཕར་ཏེ་ལྷོ་གཞིས་ཁག་གི་སྤྱི་ཁྱབ་སྦེང་ལོར་ལྷོ་སྤྱིར་བསྐོ་བཞག་གནང་། ཕྱི་ལོ་ ༢༠༡༧ ལོའི་ལོ་མཇུག་ནས་བཟུང་ཆོས་རིག་ལས་ཁུངས་སུ་གནས་སྤོས་ཀྱིས་དྲུང་འཕར་གྱི་ཕྱག་ལས་གནང་བ་དང་། དཔལ་༧རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ལ་སྣེ་ཤན་ཞབས་ཞུ་ཞུ་མུས་ཡིན་འདུག

བསྐྱར་བཅོས།: ༢༠༡༨/༠༩/༡༩

Leave a Reply

2 thoughts on “ཀརྨ་དགྲ་འདུལ་ལགས་ཁྲིམས་ཞིབ་པ་གཞན་དུ་བདམས།

  1. ༸གོང་ས་མཆོག་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་ཚོགས་གཞོན་གྱི་མཚན་གནས་བཞེས་མྱོང་ཡོད་པས་རྒྱལ་བ་རིན་པོ་ཆེ་ཀྲུང་གོ་བ་རེད་། དེ་ཡང་ཁོང་གིས་ཆོས་ལུགས་ཀྱི་ལམ་སྲོལ་དང་འགལ་ནས་རང་ཉིད་ཀྱི་ཆོས་ཕྱོགས་ཀྱི་གོ་གནས་བེད་སྤྱད་ནས་གང་བྱུང་སྤྲུལ་སྐུ་ངོས་འཛིན་བྱས་ཏེ་བོད་ཀྱི་དགོན་སྡེ་ཁག་དོ་དམ་དང་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱེད་ཀྱི་ཡོད།

  2. གཞུང་པ་ཚེ་དབང་བསོད་ནམས་

    ཁྲིམས་ཞིབ་པ་གཞན་ཟེར་ན་གང་རེད་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་
    དཔོན་ཚོར་གོ་གནས་སམ་གནས་རིམ་མེད་པ་ཡིན་ནམ་།