ཁོར་ཡུག་བསྐྲུན་པའི་དུས་ལ་བབས་ཡོད།

བསྟན་འཛིན་མཚུངས་མེད།

བོད་རྒྱ་འབྲེལ་མོལ་ལ་བར་ཆད་རིམ་པ་བྱུང་ནས་ད་བར་ལོ་ངོ་དྲུག་ཅུ་ཙམ་གྱི་ལོ་ཟླའི་ཁྲོད་བོད་དོན་ནི་རྒྱལ་ཁབ་ཁག་ཅིག་གི་རྩེད་ཆས་ལྟ་བུར་གྱུར་ནས་དེའི་གྱོང་གུད་གཙོ་བོ་བོད་ཀྱི་རིག་གཞུང་དང་སྐད་ཡིག་མི་རིགས་དང་བཅས་པར་འཕོག་བཞིན་པ་ནི་མིག་མཐོང་ལག་ཟིན་རེད། ལྷག་པར་དུ་གཞིས་ལུས་མི་མང་གི་ཚེ་སྲོག་ཚུན་ཆད་ཀྱི་འཐབ་རྩོད་རིམ་པར་བྱུང་བར་གཞིགས་ན་སེམས་ནས་བཟོད་གླག་བྲལ་བ་ཞིག་ཅི་ལ་མིན།

༸གོང་ས་མཆོག་གིས་གཉིས་ཕན་དབུ་མའི་ལམ་ཀྱི་ཐབས་ལམ་ཉག་གཅིག་གིས་བོད་རྒྱའི་གནད་དོན་སེལ་བར་ཐུགས་རེ་དང་སྐུ་ངལ་རིམ་པར་སྐྱོན་བཞིན་པར་མ་ཟད། གཞིས་ལུས་བོད་མིའི་སྙིང་སྟོབས་ཞུམ་པ་མེད་པའི་དད་དམ་གཡོ་བ་མེད་པར་ཁོང་ཕེབས་སྒུག་གི་མིག་ཟུང་མ་བཙུམས་པར་ཅེར་རེ་བལྟ་ནས་ཡོད་རེད། འོན་ཀྱང་། ལྷ་ཐོད་དཀར་ཀྱི་རྩ་ན་འདྲེ་སྣ་ནག་གི་དཔེ་ལྟར་བོད་ཀྱི་ཆབ་སྲིད་པ་རེ་ཟུང་གིས་ཕྱིའི་རྒྱལ་ཁབ་ཀྱི་ཁ་ལྕེ་བདག་ནས་རང་ཁེ་བསྒྲུབས་ཏེ་ད་བར་ལམ་ལོག་པར་ཁྲིད་ཅི་ཐུབ་བྱས་པས་ང་ཚོའི་བདེན་མཐའ་སེལ་མ་ཐུབ་པ་མ་ཟད་སྤྱི་ཚོགས་དུམ་བུ་མང་པོར་ཕྱིན་ནས་མཐར་གཏུགས་ན་རང་གི་ཁང་ཁྱིམ་ཙམ་ལ་མགོ་འཁོར་བསྡད་ཡོད་པ་རེད།

ཉེ་ཆར་༸གོང་ས་མཆོག་གིས་ལོ་གཅིག་གཉིས་ནང་ལ་ང་ཚོར་འགྱུར་བ་ཕལ་ཆེར་ཡོད་ས་རེད། དེ་ནས་རིམ་པ་དང་པོ་རྒྱ་ནག་ལ་གནས་སྐོར་གཅིག་འགྲོ་ཐུབ་ན་བསམ་པ་ཅིག་བྱུང་། དེ་ནས་རིམ་པས་ང་རང་སྐྱེས་ས་སྐུ་འབུམ་རེད་དེར་ཅིག་ཕྱིན། དེ་ནས་ག་ལེ་ག་ལེར་ལྷ་ས་འགྲོ་ཐུབ་པ་ཞིག་ཕལ་ཆེར་ཡོང་གི་རེད། ཅེས་གསུངས་པ་ཞིག་དང་ཟླ་སྔོན་མར་ལ་དྭགས་ནས་ཀྱང་ལོ་གཅིག་གཉིས་ནང་འགྱུར་བ་ཞིག་འགྲོ་ཡི་རེད་གསུང་ཡོད་དུས་ཁོང་གི་ཐུགས་རེ་ལ་ང་ཚོ་བོད་མི་ཡོད་དོ་ཅོག་གིས་རྒྱབ་སྐྱོར་དང་ཡིད་ཆེས་བྱེད་དགོས་པ་ཞིག་ལོས་ཡིན་ཏེ། རེ་ཟུང་གིས་ཅི་མི་སྙམ་པར་གཞན་གྱི་ལག་ཆ་དང་རང་གི་ཁེ་ཕན་ཉི་ཚེ་བ་རེ་བློས་མ་ཐོངས་པར་དགོངས་གཞི་དང་འགལ་བའི་ལས་འགུལ་སྤེལ་བར་གྲ་སྒྲིག་བྱེད་པ་ནི་རང་གཞན་གཉིས་ཕུང་ལས་མ་འདས།

བོད་མིའི་སྒྲིག་འཛུགས་ཀྱི་ལས་ཀྱི་སྣེ་མོ་བ་ཡིན་ནའང་རེད།   གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་འཁུར་བ་ཡིན་ནའང་རེད། གཞིས་ལུས་མི་མང་གི་བདེ་སྡུག་གི་ཆེད་དུ་ལས་ཀ་བྱེད་ཀྱི་ཡིན་ཞེས་མ་ཎི་བགྲངས་བགྲངས་རེད་དེ་གཞིས་ལུས་མི་མང་གིས་བསམ་འདུན་ངོ་མ་ཞིག་དང་། གནས་སྟངས་ངོ་མ་ཞིག་མཁྱེན་རྟོགས་ཡོད་མཁན་ག་ཚོད་ཡོད་དམ། ཁོང་ཚོ་མང་ཆེ་བ་ཞིག་རྒྱ་བལ་འབྲུག་གསུམ་ནས་སྐྱེས་ཤིང་འཚར་ལོངས་བྱུང་བ་ལས་བོད་ཀྱི་གནས་སྟངས་ངོ་མ་ཞིག་ཤེས་རྟོགས་ཡོང་བར་འབད་བརྩོན་བྱེད་མྱོང་ཡོད་དམ།

ཐ་ན་ཁོང་ཚོས་བོད་ཡིག་རང་སྐྱ་ཐུབ་པ་ཞིག་ཀྱང་མི་ཤེས་པས་བོད་ནང་གི་གནས་སྟངས་ངོ་མ་ཞིག་ཕར་ཞོག་གསར་འགྱུར་བརྒྱུད་ལམ་ཁག་ནས་ཐོན་པའི་ལྷག་མ་ཙམ་ཟ་བའི་མགྲིན་ཚབ་པ་ཤ་སྟག་ཞིག་རེད། གཞིས་ལུས་མི་མང་གི་རང་སྲོག་བློས་བཏང་གིས་༸གོང་ས་སྐྱབས་མགོན་ཆེན་པོ་བོད་ལ་ཕེབས་རྒྱུར་འབོད་སྐུལ་དང་ཞི་རྒོལ་བྱེད་ཀྱི་ཡོད་མོད། དེ་དག་ཚོང་རྫས་བཞིན་ཕྱི་རྒྱལ་གྱི་ཚོགས་སྡེ་ག་གེ་མོ་ཞིག་ནས་རོགས་དངུལ་རག་ཐབས་ལ་འབད་པ་ལས་གཞིས་ལུས་སྤུན་ཟླ་ཚོའི་བདེ་འཇགས་དང་ཤི་གསོན་ལ་འདང་རྒྱག་མཁན་ཧ་ཅང་དཀོན། ད་དུང་དེ་ངོ་བོ་གཞན་ཞིག་ལ་བསྒྱུར་ཐབས་ཀྱིས་རང་གི་ལངས་ཕྱོགས་དང་རང་ཁེ་བསྒྲུབ་ཐབས་འབའ་ཞིག་བྱེད། དཔེ་མཚོན་ཞིག་ཞུས་ན་ཕྱི་ལོ་༢༠༡༢ ལོའི་ཟླ་ ༣ ཚེས་ ༡༠ ཉིན་གླིང་ཚ་ཚེ་བརྟན་རྡོ་རྗེས་ཕྱི་རྒྱལ་ནས་རང་གི་བཟའ་ཟླ་དང་བུ་ཕྲུག་དམར་འབྱར་གཉིས་བློས་བཏང་ནས་དགོས་འདུན་དོན་ཚན་ལྔ་བཏོན་ནས་ཁོའི་ཨ་མ་དང་སྲིང་མོ་གསུམ་ཀྱིས་བོད་བར་དུ་ཞི་བའི་གོམ་བགྲོད་མགོ་བཙུགས་དུས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཞོན་ནུ་ལྷན་ཚོགས་ཀྱིས་ཕེབས་སྐྱེལ་རྒྱབ་རོགས་ཤུགས་ཆེན་བྱས་པ་མཁྱེན་གསལ་ཡིན་མོད་བར་སྐབས་ཤིག་ནས་ཁོང་གིས་རྒྱ་ནག་གི་རྒྱལ་དར་འཕྱར་བར་ཁག་བཞག་ནས་དགག་རྒྱག་དང་། གསལ་འགོད་གསལ་བསྒྲགས་དང་བཅས་དགྲ་འཛིན་ཤུགས་ཆེར་བྱས་པ་མ་ཟད་ཁོང་གི་ཨ་མ་དང་སྲིང་མོ་གཉིས་ཀྱིས་ཟས་བཅད་ངོ་རྒོལ་དང་ཨ་མའི་རྐྱང་ཕྱག་འཚལ་ནས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་རིམ་པ་གནང་ཀྱང་། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་མིག་ཟུར་ཙམ་བལྟས་མྱོང་ངམ། ཉེ་ཆར་ཞི་བའི་འཐབ་རྩོད་པ་ཁོང་གི་ཨ་མ་བཞུགས་སྒར་ནས་གློ་བུར་སྐུ་གྲོངས་པར་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོ་མཐོང་ལམ་ཙམ་དུའང་ཡོད་དམ། ཁྱེད་ཅག་གི་བོད་མིའི་མགྲིན་ཚབ་པ་ཡིན་ཟེར་གྱི་ཡོད་པ་མིན་ནམ། བོད་མི་ཞི་བའི་འཐབ་རྩོད་པ་ཞིག་བོར་བརླག་ཏུ་གྱུར་ནས་ལོ་ལྔ་དྲུག་ཕྱིན་ཞིང་། ཁོང་གི་ཨ་མ་འཐབ་རྩོད་པ་ཞིག་ཁྱེད་ཅག་གི་མིག་སྔུན་ནས་འདས་གྲོངས་སུ་གྱུར་དུས་ཁྱེད་ཅག་གི་གྲིབ་མ་ཙམ་རིག་རྒྱུ་མེད་ན་ཁྱེད་ཚོ་སུ་ཞིག་གི་ཚོགས་པ་ཡིན། བོད་ཕྱི་ནང་གཉིས་ནས་དཔའ་བོ་དཔའ་མོ་བརྒྱ་དང་ལྔ་བཅུ་ལྷག་ཅིག་གིས་རང་ལུས་མེར་བསྲེགས་ཀྱི་བོད་དོན་འཐབ་རྩོད་ཀྱིས་མེ་དྲོད་ད་དུང་ཡལ་མི་འདུག ཁྱེད་ཅག་གིས་ཁོང་ཚོའི་མིང་བྱང་ཙམ་སྒྲིག་ནས་ཉི་མ་གཏོང་གི་ཡིན་ནམ། ཁྱེད་ཅག་གི་ཁ་ནས་སྙིང་རྗེ་ཟེར་མོད་དོན་གྱིས་ཁྱེད་ཅག་གི་སེམས་ན་སྙིང་རྗེ་ཞིག་ཡོད་དམ། ཁྱེད་ཅག་ནི་བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་སྐབས་འཚོལ་བ་འབའ་ཞིག་ལ་དངོས་འཛིན་ཞུ་བ་ལས་གོ་ཐང་གཞན་ཞིག་ལར་ནས་མ་མཆིས་ལ་ཡོད་ཀྱང་མི་སྲིད་དོ། ཁྱེད་ཅག་གིས་༧གོང་ས་སྐྱབས་མགོན་ཆེན་པོའི་མཚན་སྙན་ཀྱི་གྲིབ་བསིལ་འོག་ནས་རང་ཁེ་ཕྲན་ཚགས་རེ་བསྒྲུབས་པ་ལས་གཞན་ཅི་ཞིག་བྱས་ཡོད། ངོ་མ་བོད་གངས་ཅན་གྱི་དཔའ་བོ་དཔའ་མོ་ཚོ་ལ་ངོ་གནོང་དགོས་པ་ཞིག་མ་རེད་དམ།

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཨ་རིར་རྒྱལ་དོན་དུ་ཕེབས་གཏན་ཁེལ་བར་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ཚོགས་པ་གཞན་ཁ་ཤས་ཤིག་གིས་ངོ་རྒོལ་ལས་འགུལ་སྤེལ་རྒྱུར་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་བརྒྱ་བསྒྲགས་སྟོང་བསྒྲགས་བྱེད་ཀྱི་ཡོད་པའང་རང་ཁེ་ཆུང་ཚགས་རེ་འགྲུབ་ཐབས་ལས་ཕུགས་ལ་བོད་རྒྱའི་གནད་དོན་ལ་གནོད་གཞིར་འགྱུར་བ་གདོན་མི་ཟ། ང་ཚོའི་ད་བར་དུ་སྐད་འབོད་དང་ཁྲོམ་སྐོར་མ་བྱས་པ་མ་རེད། དེས་ནུས་པ་ཐོན་གྱི་མེད་ན་ཐབས་ལམ་གཞན་ཞིག་འཚོལ་བའི་བློ་མིག་རང་ལ་མེད་ན་ལམ་སྟོན་ལ་ཉན་པའི་བསམ་ཤེས་ཤིག་དགོས་རེད་དེ་དེའང་མེད་པ་ནི་ལྐུགས་པའི་ཨུ་ཚུགས་རེད་དམ་ཤེས་བཞིན་དུ་ཀྱག་ཀྱག་རེད།   རྒྱུ་མཚན་༧གོང་ས་མཆོག་གིས་ལྷག་བསམ་རྣམ་དག་གིས་བོད་དོན་ལ་སྨན་པའི་དགོངས་ཚུལ་རྒྱལ་སྤྱིའི་ཐོག་དུས་ནས་དུས་སུ་གསུང་བཞིན་པ་དང་ལྡོག་ཕྱོགས་ཀྱི་ནུས་པ་འདོན་གྱི་ཡོད་པ་རེད།

རྒྱ་ཆེའི་མི་མང་གིས་ཡིད་གཟབ་རྫུ་གསང་བྱས་ན་མ་གཏོགས་ང་ཚོ་ཕུང་མཁན་ཕྱི་ན་མེད་པར་ནང་ན་ཡོད། སྔ་མོའི་ལོ་རྒྱས་སུའང་བོད་རྒྱའི་གནད་དོན་ལ་འགོག་རྐྱེན་བཟོས་པ་འབྲེལ་ཡོད་ལོ་རྒྱུས་ཁག་ན་གསལ་ཡོང་གི་ཡོད་པ་རེད་ལ། ད་ལྟའང་འདྲ་ཆགས་ཀྱི་ལས་བྱས་ནས་བློ་ཕུགས་ཐུང་ལ་བདེན་མིག་རུབ་པའི་ཆབ་སྲིད་པ་སེམས་མེད་འགས་བོད་རིགས་རྒྱ་ཆེའི་མི་མང་གི་མངོན་འདོད་དང་༧གོང་ས་སྐྱབས་མགོན་ཆེན་པོའི་རླབས་ཆེན་གྱི་དགོངས་གཞི་ལ་འགོག་རྐྱེན་རབ་དང་རིམ་པ་བཟོ་ཡི་འདུག

མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་ལྟ་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་ཚུལ་ཡིན་པས་མ་ཁྱབ།

བསྐྱར་བཅོས།: ༢༠༡༨/༠༩/༡༩

Leave a Reply

2 thoughts on “ཁོར་ཡུག་བསྐྲུན་པའི་དུས་ལ་བབས་ཡོད།

  1. ཅང་ཡོང་ས་མ་རེད། མང་གཙོ་ཡིན་བརྗོད་ནས་གང་བྱུང་མང་བྱུང་བཤད།
    ཞི་མོལ་བྱེད་རྒྱུའི་ལས་འགུལ་མེད་པར་་་ཞི་མོལ་ལ་གནོད་གཞིའི་དྲག་རྒོལ་བྱེད་ན་་་ནམ་ཡང་འགྲུབ་
    ཐབས་མེད་པ་རེད། ལོ་ངོ་ག་ཚོད་ཕྱིན་འདུག་ ཡོང་ཡ་རྩ་ནས་མེད་པར་་་རང་བཙན་ཡིན་ཞེས་སྟོད་རྩོད་བྱེད་པ་
    ནི་རང་གི་རང་ལ་སྡུག་སྟོང་བྱེད་པ་ཞིག་རེད་སྙམ།

  2. བསམ་པ་རྣམ་དག

    དངོས་གནས་བདེན་པ་རེད། ༸གོང་ས་མཆོག་གིས་ཞལ་དྲོན་མོ་ནས། གལ་སྲིད་ང་ཚོས་འདིར་སྐད་འབོད་འདྲ་བྱས་ནས་བསྡད་ན་རྒྱ་ནག་གཞུང་ནས་དེའི་རྒོལ་ལན་དུ་བོད་ནང་ཡོད་པའི་བོད་མི་ཚོར་དྲག་གནོན་བྱེད་འགོ་བཙུགས་ཀྱི་ཡོད་པ་གསལ་པོ་གསུང་ཡོད་ན་ཡང། བསམ་མེད་འདི་ཚོས་མ་ཤེས་པའི་ཁུལ་ཡིན་ནམ། ཡང་ན་ཤེས་བཞིན་དུ་ཡ་མེད་བཏང་བ་ཡིན་མི་ཤེས། གང་ལྟར་མི་དེ་ཚོའི་རིགས་ཀྱི་དཀྲུགས་ཡོང་གི་འདུག།