རྒྱལ་ཚོགས་མདུན་དུ་ཞི་ཅིན་ཕིན་ལ་ངོ་རྒོལ་བྱས།

བོད་མི་དང་ཡུ་གུར། ལྷོ་སོག་པོ་དང་ཐའེ་ཝན། ཧོང་ཀོང་དང་རྒྱ་ནག་དམངས་གཙོ་དོན་གཉེར་བ་སོགས་ཚོགས་སྡེ་ ༡༣ གྱིས་ཞི་ཅིན་ཕིན་གྱི་དབང་ཆ་གཅིག་སྡུད་ལམ་ལུགས་ལ་མཉམ་འབྲེལ་ཐོག་ངོ་རྒོལ་ལས་འགུལ་སྤེལ།ཁ་སང་ཨ་རིའི་ནེའུ་ཡོག་ཏུ་མཉམ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༧༣ པ་ཚོགས་པ་དང་བསྟུན་རྒྱལ་ཚོགས་ལས་ཁུངས་མདུན་དུ། བོད་མི་དང་ཡུ་གུར། ལྷོ་སོག་པོ་དང་ཐའེ་ཝན། ཧོང་ཀོང་དང་རྒྱ་ནག་དམངས་གཙོ་དོན་གཉེར་བ་སོགས་ཚོགས་སྡེ་ ༡༣ གྱིས། ཞི་ཅིན་ཕིན་གྱི་མགོ་འཁྲིད་འོག་རྒྱ་ནག་གི་དབང་ཆ་གཅིག་སྡུད་སྔར་ལས་ཤུགས་ཆེ་རུ་འགྲོ་བཞིན་པ་དང་། དམངས་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་སོགས་འཐབ་རྩོད་ལ་བཙན་གནོན་བྱེད་བཞིན་པར་ངོ་རྒོལ་ལས་འགུལ་སྤེལ་འདུག

ཚོགས་པ་དེ་དག་གིས་མཉམ་འབྲེལ་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང། ང་ཚོའི་དགོས་འདུན་ནི་བོད་དང་སོག་པོ། ཐའེ་ཝན་དང་ཤིན་ཅང་སོགས་ལ་རྒྱལ་ཁབ་ཀྱི་བདག་དབང་ངམ་རང་བཙན་སྤྲོད་དགོས་པ་དང་། རྒྱ་ནག་མི་མང་ལ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སྤྲོད་དགོས་རྒྱུ། དེ་བཞིན་ཞི་ཅིན་ཕིན་གྱི་མི་ཚེ་ཧྲིལ་པོར་སྲིད་དབང་སྒེར་འཛིན་བྱ་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ཅེས་འཁོད་འདུག

ངོ་རྒོལ་ལས་འགུལ་སྐབས་སྐད་འབོད་དང་ཁྲོམ་སྐོར་གནང་ཡོད་པ་མ་ཟད། རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་དང་གློག་བརྙན་ཁང་ནང་བཀག་འགོག་བྱས་ཡོད་པའི་ཞི་ཅིན་ཕིན་དང་འདྲ་མཚུངས་ཡིན་པར་བརྗོད་བཞིན་པའི་ཊེ་སི་ནེ་གློག་བརྙན་བཟོ་སྐྲུན་ཁང་ (Disney) གིས་བཟོ་སྐྲུན་བྱས་པའི་འགུལ་རིས་གློག་བརྙན་ (Winnie the Pooh) ནང་གི་སྤྲང་རྩི་ལ་དགའ་པའི་དོམ་སེར་འཁྲབ་སྟོན་སོགས་བྱས་ཡོད་འདུག དེ་བཞིན་འདི་ལོའི་ཕྱི་ཟླ་ ༧ ནང་རྒྱ་ནག་གི་ཧྲང་ཧེ་གྲོང་འཁྱེར་ནང་རྒྱ་མོ་གཞོན་ནུ་མ་ཞིག་གིས་ཞི་ཅིན་ཕིན་གྱི་འདྲ་པར་ལ་སྣག་ཚ་བྱོས་ཏེ་ཁོའི་དབང་ཆ་གཅིག་སྡུད་ལ་ངོ་རྒོལ་བྱས་ནས་བོར་བརླག་ཏུ་ཕྱིན་པའི་གནས་ཚུལ་དེར་དཔེ་བླངས་ནས། སྣག་ཚ་བྱོ་བའི་ལས་འགུལ་ཤིག་ཀྱང་སྤེལ་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༧༣ པ་དེ་ནི་ཁ་སང་ནས་མགོ་འཛུགས་ཀྱིས་ཕྱི་ཟླ་ ༡༠ ཚེས་ ༥ ཉིན་བར་འཚོགས་ཀྱི་ཡོད་པ་དང་། རྒྱལ་ཚོགས་ནང་རྒྱལ་ཁབ་ ༡༩༣ ཡོད་པ་ལས་རྒྱ་ནག་ནི་ཚོགས་མི་གཙོ་བོ་ལྔའི་ནང་གི་གཅིག་ཡིན་འདུག གཞན་ཐེངས་འདིའི་ཚོགས་འདུ་དང་བསྟུན་ཕྱི་ཚེས་ ༢༥ ནས་ཉིན་ ༩ རིང་རྒྱལ་ཚོགས་ཆེས་མཐོའི་དཔོན་རིགས་ཚོས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་རིགས་ཡོངས་ལ་འབྲེལ་བ་བཟོ་ཐབས་ཅེས་པའི་བརྗོད་གཞིའི་འོག་འཛམ་གླིང་ལ་ཞི་བདེ་སྐྲུན་ཐབས་དང་གློ་བའི་གཉེན་ཚད་ལ་གདོང་ལེན། འགོས་ནད་མིན་པའི་ནད་རིགས་ལ་བཅོས་ཐབས་དང་སྔོན་འགོག་ལ་བསྐྱར་ཞིབ་སོགས་ཀྱི་སྐོར་ལ་ཚོགས་འདུ་ཞིག་སྐོང་ཚོགས་གནང་གི་ཡོད་འདུག

ཐེངས་འདིར་མགོ་འཁྲིད་ཞི་ཅིན་ཕིན་ལ་ངོ་རྒོལ་ལས་འགུལ་གྱི་གོ་སྒྲིག་ཚོགས་པ་ཁག་ནི་ ༡༽ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། ༢༽ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག ༣༽བོད་རང་བཙན་སློབ་ཕྲུག་ཚོགས་པ། ༤༽ཨར་བོད མཛའ་འབྲེལ་ཚོགས་པ། ༥༽རྒྱལ་སྤྱིའི་ཞིན་ཅང་ཚོགས་པ། ༦༽ལྷོ་སོག་པོ་ཚོགས་པ། ༧༽ཐའེ་ཝན་རང་བཙན་ཚོགས་པ། ༨༽ཉེའུ་ཡོག་གི་ཧོང་ཀོང་ལས་འགུལ་ཚོགས་པ། ༩༽རྒྱ་ནག་དམངས་གཙོ་ཚོགས་པ། ༡༠༽རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། ༡༡༽རྒྱ་ནག་ལས་འགུལ་སྣེ་འཁྲིད་ཚོགས་པ།༡༢༽ཨ་རིའི་མི་སེར་ཡིན་པའི་ཤིང་ཅང་ལས་འགུལ་ཚོགས་པ། ༡༣༽རྒྱལ་ཁབ་ངེས་ཅན་མེད་པའི་འཛམ་གླིང་མི་མང་ལས་འགུལ་ཚོགས་པ་བཅས་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༩/༡༩

Leave a Reply