༧གོང་ས་མཆོག་ལ་གྷན་དྷི་འཚེ་མེད་ཞི་བའི་གཟེངས་རྟགས་འབུལ་གཏན་འཁེལ།

རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷི་མཆོག་གི་ཕྱི་ལོ་ ༢༠༡༨ ལོའི་འཚེ་མེད་ཞི་བའི་གཟེངས་རྟགས་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འབུལ་གཏན་འཁེལ་བ་གསལ་བསྒྲགས་གནང་འདུག

རྒྱ་གར་གྱི་ཧིན་རྡུ་(The Hindu) གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེའི་ཐི་རོཝ་ནཱན་ཐཱ་པོ་རཱམ(Thiruvananthapuram) གྲོང་ཁྱེར་གྱི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག རྒྱ་གར་གྱི་མེས་པ་དམ་པ་གྷན་དྷི་མཆོག་གི་གོ་ལའི་ཐེབས་རྩ་ཁང་(The Gandhi Global Foundation)གི་འགན་འཛིན་ཝེ་རྗེ་ཡཱན(S. Vijayan)ལགས་ཀྱིས། འདི་ལོའི་(Gandhidarsan) གཟེངས་རྟགས་ཐོབ་མཁན་རྣམས་ཀྱི་མཚན་གཞུང་གསལ་བསྒྲགས་གནང་ཡོད་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཛམ་གླིང་ཞི་བདེ་ཡོང་སླད་འཚེ་མེད་ཞི་བའི་ལྟ་སྤྱོད་གོང་འཕེལ་གཏོང་བར་མཛད་འཁུར་བླ་མེད་བཞེས་པར་ཆེད་བསྟོད་དུ་འདི་ལོའི་གྷན་དྷི་འཚེ་མེད་ཞི་བའི་གཟེངས་རྟགས་འབུལ་གཏན་འཁེལ་ཡོད་འདུག

གྷན་དྷིའི་གཟེངས་རྟགས་ནི་ལོ་ལྟར་རྒྱ་གར་ནང་ཆོས་ལུགས་ལས་དོན་ཐད་བྱས་རྗེས་ཅན་དང་ཆབ་སྲིད་པ། སྤྱི་ཚོགས་ཞབས་ཞུ་བ། ཚོང་པ། འགྲོ་བ་མིའི་བདེ་དོན་ཐད་ཕྱག་ལས་གནང་མཁན་ཚོར་འབུལ་བཞིན་ཡོད་པ་དང་། ད་ལོའི་ཆོས་ལུགས་ཀྱི་ཕུལ་བྱུང་གཟེངས་རྟགས་དེ་རྒྱ་གར་གྱི་ཧིན་རྡུའི་ཆོས་དཔོན་(Sri Sri Ravi Shankar)ལགས་དང་། རྒྱ་གར་གྲོས་ཚོགས་ཀྱི་ལས་དོན་ལ་མཁས་མྱོང་ཅན་དཔལ་འབྱོར་བློན་ཆེན་སྐུ་ཞབས་ཨ་རན་རྗེ་ཊི་ལེ་(Arun Jaitley)ལགས་ལ་ཆབ་སྲིད་མཁས་པའི་གཟེངས་རྟགས། རྒྱ་གར་ལྷོ་ཕྱོགས་ཀེ་ར་ལའི་མངའ་སྡེའི་བློན་ཆེན་སྐུ་ཞབས་པེ་ནཱ་རཱ་ཡཱ་ཝེ་རྗེ་ཡཱན(Pinarayi Vijayan) ལགས་ལ་སྤྱི་ཚོགས་ཞབས་ཞུའི་ཐད་ནས་བློན་ཆེན་ལེགས་ཤོས་ཀྱི་གཟེངས་རྟགས། ་ཁེ་ལས་པ་ཡོ་ཧྥི་ཨ་ལེ་(Yusuf Ali)ལགས་དང་ཤི་ཊེ(Shetty)ལགས།  གྷོ་ཝན་དྷན་(Govindan)ལགས་བཅས་ལ་ཚོང་ལས་གཟེངས་ཐོན་གྱི་གཟེངས་རྟགས། གཞན་ཡང་། རྒྱ་གར་ལྷོ་ཕྱོགས་ཀེ་ར་ལའི་སྔོ་སྨན་མཁས་པ་ལྕམ་སྐུ་ཧེ་ལིར་(Healer Lakshmikutty)ལགས་ལ་འགྲོ་བ་མིའི་བདེ་དོན་ཐོག་ཕྱག་ལས་རླབས་ཆེན་གནང་བའི་གཟེངས་རྟགས་འབུལ་གཏན་འཁེལ་ཡོད་པ་དང་། གཟེངས་རྟགས་དང་མཉམ་དུ་བྱ་དགའ་ཧིན་སྒོར་འབུམ་ ༣ རེ་དང་གྷན་དྷི་མཆོག་གི་རྡོ་བརྐོས་སྐུ་བརྙན་རེ་གནང་གི་ཡོད་འདུག

ད་ལོའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དེ་རྒྱ་གར་གྱི་ས་གནས་མི་འདྲ་བ་གསུམ་ནང་འཚོགས་རྒྱུ་ཡིན་པ་དང་།  ཚོགས་འདུ་དང་པོ་ལོ་རྗེས་མའི་ཕྱི་ཟླ་ ༡ ཚེས་ ༣༠ ཉིན་ཀེ་ར་ལ་མངའ་སྡེའི་ཐི་རོཝ་ནཱན་ཐཱ་པོ་རཱམ་གྲོང་ཁྱེར་ནང་འཚོགས་རྒྱུ་དང་། གཉིས་པ་དེ་ཕྱི་ཟླ་ ༢ ཚེས་ ༢༧ ཉིན་ཀཱ་ནཱ་ཊ་ཀཱ་མངའ་སྡེའི་བྷེང་ལོར་གྲོང་ཁྱེར་ནང་དང་། གསུམ་པ་དེ་ཕྱི་ཟླ་ ༣ ཚེས་ ༤ ཉིན་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་འཚོགས་གཏན་འཁེལ་ཡོད་འདུག

གྷན་དྷིའི་གཟེངས་རྟགས་ནི་རྒྱལ་སྤྱི་རང་བཞིན་གྱི་གཟེངས་རྟགས་ཤིག་ཆགས་ཡོད་པ་དང་། གཟེངས་རྟགས་དེ་ཕྱི་ལོ་༡༩༩༨ ལོ་ནས་དངོས་སུ་འབུལ་མགོ་ཚུགས་པ་ནས་ད་བར་ཐེངས་ ༢༠ ལ་སྤྲད་ཡོད་འདུག གཟེངས་རྟགས་དེ་ནི་རྒྱ་གར་གྱི་འཚེ་མེད་ཞི་བའི་མེས་པོ་དམ་པ་གྷན་དྷི་མཆོག་གི་མིའི་རིགས་ལ་གནང་བའི་འཚེ་མེད་ཞི་བའི་བཀའ་དྲིན་རྗེས་དྲན་དང་། འགྲོ་བ་མིའི་རིགས་ལ་ཞབས་འདེགས་ཞུ་མཁན་ཚོར་ཆེ་མཐོང་དང་གཟེངས་བསྟོད་དུ་འབུལ་གྱི་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༩/༡༩

Leave a Reply

One thought on “༧གོང་ས་མཆོག་ལ་གྷན་དྷི་འཚེ་མེད་ཞི་བའི་གཟེངས་རྟགས་འབུལ་གཏན་འཁེལ།