བོད་མི་ཞིག་འཛིན་བཟུང་བྱས།

བོད་མི་ཞིག་གིས་སོ་མ་ར་ཙའི་མྱོས་རྫས་ལྗིད་ཚད་གྷ་རམ་ ༡༡༥.༢༡ འཁུར་ཡོད་པའི་ཉེས་མིང་འོག་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག
རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། དྷ་སའི་མེག་གྷན་རླངས་འཁོར་ས་ཚུགས་ཀྱི་ཉེ་འཁྲིས་ནས་རང་ལོ་ ༢༣ ཡིན་པའི་བསྟན་འཛིན་བདེ་ལེགས་ཞེས་པ་ཞིག་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག

ས་གནས་ཉེན་རྟོག་པ་ཞིག་གིས་བརྗོད་པ་ལྟར་ན། ཉེན་རྟོག་པས་ནམ་རྒྱུན་གྱི་སྐོར་སྐྱོད་ཅིག་དང་བསྟུན་མེག་གྷན་རླངས་འཁོར་ས་ཚུགས་ཀྱི་ཉེ་འགྲམ་(Bypass)ནས་བསྟན་འཛིན་བདེ་ལེགས་འཛིན་བཟུང་བྱས་ཤིང་། བོད་མི་དེས་སོ་མ་ར་ཙའི་མྱོས་རྫས་(Charas)ལྗིད་ཚད་གྷ་རམ་ ༡༡༥.༢༡ འཁུར་ཡོད་པ་དང་། རྒྱ་གར་གྱི་མྱོས་རྫས་ནག་འཚོང་གི་ཁྲིམས་གཞིའི་འོག་དེབ་སྐྱེལ་བྱས་ཏེ་བཀག་ཉར་འོག་ཡོད་སྐོར་བརྗོད་འདུག

འདི་གའི་གསར་འགོད་པས་དྷ་ས་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་སུ་གནས་ཚུལ་དེའི་སྐོར་དྲིས་པར་ཁོང་གིས། གནས་ཚུལ་དེ་རྒྱ་གར་གྱི་ཚགས་པར་ཁག་གི་ནང་བསླེབས་འདུག་ནའང་རྒྱ་གར་གྱི་ཡུལ་ཁྲིམས་དང་འགལ་བའི་རིགས་ཡིན་དུས་ང་ཚོར་འགན་གང་ཡང་མེད་པ་རེད། གལ་ཏེ་ཁྲིམས་འགལ་རིགས་མ་ཡིན་པར་འཛིན་བཟུང་ལྟ་བུ་བྱས་པ་ཡིན་ན་ང་ཚོར་འགན་ཡོད་པ་རེད་ལ། ང་ཚོས་ལག་པ་འཆང་གི་ཡོད་པ་རེད། དེ་མིན་ཁོ་རང་ཚོ་ཡུལ་ཁྲིམས་དང་འགལ་བ་ཡིན་ན་ཉེས་པ་གཏོང་རྒྱུ་ལས་ང་ཚོས་གང་ཡང་བྱེད་ཐུབ་པ་ཡོད་པ་མ་རེད། ཅེས་བརྗོད་བྱུང་།

རྒྱ་གར་གྱི་གསར་ལམ་དུ་ཐོན་པའི་གནས་ཚུལ་ལྟར་ན། ཉེ་བའི་ཉིན་ཤས་རིང་རྒྱ་གར་བྱང་ཕྱོགས་གྱི་ཧི་མ་ཅལ་དང་སིམ་ལ། ཇ་མོ་དང་པན་ཇབ་སོགས་སུ་མྱོས་རྫས་ཉོ་ཚོང་དང་འབྲེལ་བའི་དོགས་གཞིའི་འོག་མི་མང་པོ་འཛིན་བཟུང་བྱས་ཡོད་འདུག སྤྱིར་བཏང་རྒྱ་གར་ནང་མྱོས་རྫས་ལྗིད་ཚད་གྷ་རམ་ ༡༠༠ ལྷག་འཁུར་ཡོད་པ་ཤེས་རྟོགས་བྱུང་བ་ཡིན་ན་ཟླ་བ་ ༦ རིང་བཙོན་འཇུག་ཁྲིམས་ཐག་གཅོད་ཀྱི་ཡོད་འདུག

སོ་མ་ར་ཙ་ཞེས་པའི་ཤིང་ལོ་དེ་སྨན་དུའང་འགྲོ་ཡི་ཡོད་པ་དང་། ཤིང་ལོ་དེ་རྒྱ་གར་བྱང་ཕྱོགས་ཁུལ་དུ་ཤུགས་ཆེན་སྐྱེ་ཡི་ཡོད་སྟབས། མི་མང་པོས་ཤིང་ལོ་ཐ་མག་ལྟར་ཤོག་བུའི་ཁུག་ཏུ་དྲིལ་བ་སོགས་བྱས་ནས་བེད་སྤྱོད་གཏོང་བཞིན་ཡོད་པ་དང་། དེ་སྔོན་རྒྱ་གར་དབྱིན་ཇིའི་འོག་ཏུ་ཡོད་སྐབས་མྱོས་རྫས་དེ་ཁྲིམས་མཐུན་ཡིན་པ་མ་ཟད་རྒྱ་གར་རང་བཙན་ཐོབ་ནས་ཕྱི་ལོ ༡༩༨༠ བར་ཁྲིམས་མཐུན་ཡིན་སྟབས། རྒྱ་གར་གྱི་ས་ཁུལ་མང་པོའི་ནང་སྤྱིར་བཏང་གི་དངོས་རྫས་ལྟར་ཉོ་ཚོང་བྱེད་ཀྱི་ཡོད་འདུག  ཕྱི་ལོ་ ༡༩༨༥ ལོ་ནས་རྒྱ་གར་གཞུང་གིས་མྱོས་རྫས་རིགས་ཀྱི་ཁྲིམས་གཞི་གཏན་འབེབ་སྐབས་སོ་མ་ར་ཙའི་མྱོས་རྫས་དེར་ཚད་འཛིན་བཀག་སྡོམ་བྱས་ཡོད་འདུག

སྤྱིར་བཏང་སོ་མ་ར་ཙའི་ཤིང་ལོ་དེ་སྨན་རྫས་དང་ཧིན་རྡུ་ཆོས་ལུགས་པ་ཚོས་ཞི་བ་ལྷ་ལ་ཆོ་ག་སྒྲུབ་པའི་རྫས་ཤིག་ཡིན་ཡང་། རྒྱ་གར་ནང་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་མང་དུ་ཕྱིན་པ་དང་བསྟུན་བེད་སྤྱོད་གཏོང་མཁན་མང་དུ་འགྲོ་ཡི་ཡོད་པ་མ་ཟད། ཚོང་རྫས་དང་མྱོས་རྫས་ཀྱི་རྣམ་པར་ཤུགས་ཆེ་རུ་འགྲོ་གི་ཡོད་པ་དང་། རྒྱ་གར་ནས་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ནང་ནག་ཚོང་དབོར་འདྲེན་བྱེད་ཤུགས་ཆེ་རུ་འགྲོ་བཞིན་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༩/༢༠

Leave a Reply