ལོ་རྗེས་མ་ནས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུ་རེད།

ས་གནས་བོད་མི་ཚོས་ཐེངས་མང་འབོད་སྐུལ་ཞུས་པ་བརྒྱུད་ལོ་རྗེས་མའི་གསུམ་བཅུའི་དུས་དྲན་ནས་བཟུང་ཨོ་སི་ཊོ་ལི་ཡའི་རི་སྔོན་པོ་ཁུལ་གྱི་གྲོང་ཁྱེར་སྤྱི་ཁྱབ་ལྷན་ཁང་གི་སྒོ་ཁར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་གཏན་འཁེལ་ཡོད་འདུག

དེ་རིང་ཨོ་སི་ཊོ་ལི་ཡའི་གསར་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་རི་སྔོན་པོ་ཁུལ་གྱི་གྲོང་ཁྱེར་སྤྱི་ཁྱབ་ལྷན་ཁང་ནས་ཕྱི་ལོ་ ༢༠༡༩ ལོའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་ནས་བཟུང་ལོ་ལྟར་གསུམ་བཅུའི་དུས་དྲན་སྐབས། རི་སྔོན་པོའི་གྲོང་ཁྱེར་སྤྱི་ཁྱབ་ལྷན་ཁང་གི་སྒོ་རུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུ་གཏན་འཁེལ་བྱུང་བ་གསལ་བསྒྲགས་གནང་ཡོད་འདུག

དེའི་སྐོར་ས་གནས་སུ་ཡོད་པའི་ཆབ་སྲིད་བཙོན་ཟུར་དགེ་འདུན་ཚེ་རིང་ལགས་ཀྱིས། སྤྱིར་བཏང་ཨོ་སི་ཊོ་ལི་ཡའི་བོད་མི་འདུས་སྡོད་ཁུལ་མང་ཆེ་བར་བོད་རིགས་ཚོགས་པ་ཡོད་ཀྱང་། ང་ཚོ་གནས་སྡོད་བྱེད་སའི་ཁཱ་ཐུ་བྷ་(Katoomba)རུ་བོད་རིགས་ཚོགས་པ་མེད་པ་དང་། ས་གནས་སུ་ཡོད་པའི་བོད་མི་རྣམས་ཀྱིས་དབུས་ས་གཉིས་ཀྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུག་འཕྲད་ཞུས་ཏེ། བོད་དོན་ངོ་སྤྲོད་དང་སྦྲགས་སྙན་ཞུ་འབོད་སྐུལ་རིམ་པ་ཞུས་ཡོད་པ་དང་། འཐུས་མི་ཁ་ཤས་ཀྱིས་དེ་སྔོན་བོད་དོན་སྐོར་ལ་མཁྱེན་རྟོགས་གང་ཡང་མེད་ཀྱང་ཚོགས་འདུ་བསྐོངས་ཀྱིས་གཟིགས་ཞིབ་གནང་བ་དང་། ས་གནས་སྲིད་གཞུང་དང་མི་མང་། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག  དེ་བཞིན་རིག་གཞུང་སྣ་འཛོམས་ཀྱི་ལས་ཁུངས་བཅས་ནས་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པར་བརྟེན། བོད་ཀྱི་ལོ་རྒྱུས་ནང་གལ་གནད་ཆེན་པོར་གྱུར་བའི་ལོ་རེའི་གསུམ་བཅུའི་དུས་དྲན་ཉིན་ས་གནས་སྲིད་གཞུང་གི་སྒོ་ཁར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུ་གཏན་འཁེལ་བྱུང་ཡོད་སྐོར་བརྗོད་བྱུང་།

ཡང་ཁོང་གིས། རི་སྔོན་པོ་ཁུལ་ནི་ཨོ་གླིང་གི་ཡུལ་སྐོར་ལྟེ་གནས་ཆེ་ཤོས་ཨང་གཉིས་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁུངས་སུ་ཚུད་པའི་ས་གནས་གལ་གནད་ཅན་དང་གྲགས་ཅན་ཞིག་ཡིན་པར་བརྟེན། ལོ་ལྟར་རྒྱ་ནག་གི་གཙོས་པའི་འཛམ་གླིང་གི་རྒྱལ་ཁབ་མང་པོ་ནས་ཡུལ་སྐོར་བ་ཁྲི་ཕྲག་མང་པོ་ས་གནས་དེར་ཡོང་གི་ཡོད་སྟབས། ལོ་རྒྱུས་ཀྱི་གལ་གནད་ཆེ་བའི་གསུམ་བཅུའི་དུས་དྲན་ཉིན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་གཏན་འཁེལ་བ་དེའི་ཐོག་ནས་ས་གནས་སྲིད་གཞུང་གིས་བོད་དོན་གཙོས་བོད་མི་སྐྱབས་བཅོལ་བའི་གནས་སྟངས་ལ་རྒྱབ་སྐྱོར་མཚོན་གྱི་ཡོད་པས་ཧ་ཅང་གལ་གནད་ཆེན་པོ་ཆགས་ཡོད་སྐོར་བརྗོད་བྱུང་ལ། ཕྱི་ལོ་ ༢༠༡༥ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ས་གནས་དེར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་འདུག 

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༩/༢༡

Leave a Reply

One thought on “ལོ་རྗེས་མ་ནས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུ་རེད།

  1. བསྟན་འཛིན་ཕུན་ཚོགས།

    བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུའི་གསར་འགྱུར་ཐོས་པ་ཙམ་གྱི་སེམས་ནང་དགའ་ཚོར་ཆེན་པོ་བྱུང་སོང་། བཀའ་དྲིན་ཆེ་ཞུ།།