བོད་མི་ལག་དེབ་ལྗང་ཁུ་ཡོད་མཁན་ ༡༤༤༩༡༥ ཡོད་འདུག

བཙན་བྱོལ་སྤྱི་ཚོགས་ནང་ཁྱོན་ལག་དེབ་ལྗང་ཁུ་ལག་ཏུ་ཡོད་མཁན་ ༡༤༤༩༡༥  ཡོད་པ་དང་བཀའ་ཤག་སྐབས་འདིའི་ལས་ཡུན་ནང་དཔྱ་ཁྲལ་བརྒྱ་ཆ་ ༩༥ ཙམ་བསྡུ་ཐུབ་པའི་དམིགས་ཚད་བཟུང་ཡོད་འདུག

གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་ ༤ ཉིན་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་བགྲོ་གླེང་དང་། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ནས་བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་སྐབས། སྤྱི་འཐུས་ཁག་ཅིག་གིས་ཀ་ཤི་མིར་ནང་ཡོད་པའི་བོད་པ་ཁ་ཆེ་བ་བྱིས་པ་ཡན་ཆད་ཀྱིས་དབུས་སྐད་གཙང་མ་བཤད་ཀྱི་ཡོད་པ་མ་ཟད། མང་པོ་ཞིག་ལ་བོད་མི་རིགས་ཀྱི་འདུ་ཤེས་དང་ལ་རྒྱ་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་དང་ཡུལ་དེའི་བོད་རིགས་ཁ་ཆེ་བར་འབྲེལ་བ་དེ་ཙམ་མེད་པ་ནི་ཆོས་ལུགས་ཀྱི་དབྱེ་འབྱེད་ཅིག་ཏུ་མཐོང་མཁན་ཡོད་སྟབས། སྐབས་འདིའི་བཀའ་ཤག་གིས་ཆིག་སྒྲིལ་གསུང་གི་ཡོད་པ་ལྟར་བོད་རིགས་ཁ་ཆེ་བ་རྣམས་ལ་རྒྱུས་ལོན་འབྲེལ་མཐུད་ཀྱི་ནུས་པ་འདོན་དགོས་སྐོར་གྱི་དགོངས་ཚུལ་དང་དོགས་འདྲི་གནང་སོང་།

དཔལ་འབྱོར་བཀའ་བློན་མཆོག་གིས་ཀ་ཤི་མེར་མངའ་སྡེའི་ལྷ་ས་ཁ་ཆེ་བ་ཚོར་དབྱེ་འབྱེད་དང་ལྷག་པར་དུ་ཆོས་ལུགས་དབྱེ་འབྱེད་བྱས་པ་གཏན་ནས་མིན་ལ། ཡུལ་དེའི་སློབ་གྲྭ་དང་བོད་ཡིག་སྦྱོང་འདོད་ཡོད་མཁན་ཚོར་མཐུན་རྐྱེན་བསྐྲུན་བཞིན་ཡོད་ཀྱང་། ཡུལ་ཁྲིམས་ལ་བརྩི་བཀུར་དགོས་པའི་གནས་སྟངས་མང་པོ་ཞིག་གི་འོག་ནས་གནང་ས་མེད་པ་དང་གནང་བདེ་བོ་མེད་པ་ཡོང་གི་ཡོད་སྐོར་གསུངས་སོང་།

ཡང་དྷེ་ར་རྡུན་གྱི་ས་གནས་གཞིས་མགོས་བུད་མེད་ཅིག་ལ་རྡུང་རྡེག་བཏང་བའི་གནས་ཚུལ་ཉེན་རྟོག་པར་རྩིས་སྤྲོད་མ་བྱས་པར་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པར་ཞུ་གཏུག་བྱས་ཡོད་པ་དང་འབྲེལ་ཏེ། བུད་མེད་སྤྱི་འཐུས་གཉིས་ནས་བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་སྲིད་བྱུས་ལག་བསྟར་ཚན་པར་དབང་ཚད་དང་ནུས་པ་ག་ཚོད་ཡོད་མིན། སྡེ་ཚན་དེ་རང་དབང་ཅན་གྱི་སྡེ་ཚན་ཞིག་ཏུ་བཟོ་ཐུབ་མིན། དེ་བཞིན་སྡེ་ཚན་དེས་ཟབ་སྦྱོང་སྤྲོད་སྐབས་བུད་མེད་ཀྱི་ཐོབ་ཐང་དང་ཕོ་མོ་འདྲ་མཉམ་ཙམ་མིན་པར་ཁྲིམས་ལུགས་ཤེས་བྱའི་གོ་རྟོགས་སྤེལ་རྒྱུ་གལ་ཆེན་པོ་ཡིན་པ་དང་། གཞིས་མགོས་བུད་མེད་ཅིག་ལ་རྡུང་རྡེག་བཏང་བའི་གནད་དོན་དེ་ཚ་ཐོག་ལ་ཐག་གཅོད་མ་ཐུབ་པར་ད་བར་ལོ་གཅིག་ལྷག་ཕྱིན་པ་དེ་འཐུས་ཤོར་དང་བློ་ཕམ་སྐྱེ་གཞི་ཞིག་ཡིན་སྐོར་དང་། ཉེ་སྔོན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་མིའི་སྒྲིག་འཛུགས་ལ་བུད་མེད་ནུས་སྟོབས་གོང་སྤེལ་ཆེད་བསམ་འཆར་འགའ་ཕུལ་ཡོད་པ་དེའི་སྐོར་བཀའ་འདྲི་ཞུས་སོང་།

དཔལ་འབྱོར་བཀའ་བློན་གྱིས་བུད་མེད་ནུས་སྟོབས་ཚན་པར་གནས་རིམ་དྲུང་གཞོན་ཡིན་པའི་བུད་མེད་ཅིག་དང་ཆོད་གན་ལས་བྱེད་གཅིག ཉེ་ཆར་ཨ་རི་ནས་བུད་མེད་ནུས་སྟོབས་ཐོག་སློབ་སྦྱོང་ཐོན་པའི་ཁྱད་ལས་པ་གཅིག་བཅས་ལས་བྱེད་ ༣ དང་དྭང་ཞབས་གཅིག་བཅས་ཡོད་པ་དང་། ད་ལྟའི་གནས་སྐབས་སུ་གཞི་རིམ་བུད་མེད་ཀྱི་འཕྲོད་བསྟེན་དང་ལྟ་གྲུབ། ལས་དོན་བྱེད་ཕྱོགས་བཅས་གཙོ་བོ་དང་དམིགས་རྩར་འཛིན་གྱི་ཡོད་ལ། ཚན་པ་དེ་རང་དབང་ཅན་གྱི་སྡེ་ཚན་ལ་བསྒྱུར་བར་དངུལ་གྱི་ཐབས་ཤེས་དཀའ་བ་དང་རང་དབང་ཅན་དུ་བཟོས་རུང་དངུལ་དེ་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ནས་ཞུས་ཚེ། གཅིག་མཚུངས་ཀྱི་སྟངས་འཛིན་ཐེབས་ཀྱི་ཡིན་སྐོར་དང་། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བསམ་འཆར་དེ་ལ་དབྱེ་ཞིབ་བྱེད་བཞིན་ཡོད་པ་དང་། དེའི་སྐོར་རྗེས་ཕྱོགས་གསལ་བཤད་གནང་རྒྱུ་ཡིན་སྐོར་གསུངས་སོང་།

སྤྱི་འཐུས་ཁག་ཅིག་ནས་སྤྱིར་བཏང་ཕྱི་རྒྱལ་ཁག་ནང་བོད་མིའི་དྭང་བླང་དཔྱ་ཁྲལ་ལག་དེབ་ཀྱི་དངུལ་འབུལ་མཁན་མང་དུ་ཕྱིན་ཡོད་ཀྱང་། བྱང་ཨ་རིའི་ནང་ལྟ་བུར་མཚོན་ན་དཔྱ་ཁྲལ་སྤྲོད་མཁན་བརྒྱ་ཆ་ ༥༠ ཡན་མེད་པ་དང་། བཀའ་བློན་དང་སྤྱི་འཐུས་བཅས་ནས་མི་མང་ལ་དེབ་ལྗང་ཁུ་དེ་དཔལ་འབྱོར་ཙམ་མིན་པར་དེའི་གལ་གནད་དང་ངོ་བོ་བཅས་ངོ་སྤྲོད་གནང་གལ་ཆེ་སྐོར་དང་། ལག་དེབ་ཐོག་གི་ཕྱེད་པར་རྣམས་ལོ་ལྔ་རེའི་མཚམས་སུ་བརྗེ་དགོས་མིན་སོགས་བརྗོད་སོང་།

དཔལ་འབྱོར་བཀའ་བློན་མཆོག་གིས་བཙན་བྱོལ་སྤྱི་ཚོགས་ནང་ཁྱོན་ལག་དེབ་ལྗང་ཁུ་ལག་ཏུ་དངོས་སུ་ཡོད་མཁན་ ༡༤༤༩༡༥  ཡོད་པ་དང་། ད་སྔ་ལག་དེབ་ལྗང་ཁུའི་ཐོག་རྒྱ་བལ་འབྲུག་གསུམ་ནང་དཀའ་ཁག་མེད་པ་དང་། བཀའ་ཤག་ནས་ནུབ་ཕྱོགས་ཀྱི་དང་བླངས་དཔྱ་ཁྲལ་ལག་དེབ་ཡོད་མཁན་གྱི་དཔྱ་ཁྲལ་བརྒྱ་ཆ་ ༩༥ ཙམ་བསྡུ་ཐུབ་རྒྱུའི་དམིགས་ཚད་བཟུང་ཡོད་སྟབས། གྲོས་ཚོགས་ར་བ་བརྒྱུད་འབྲེལ་གྱི་བོད་མི་རྣམས་ལ་དེ་ལྟར་ཡོང་ཐབས་ཀྱི་རེ་བ་ཞུ་ཡི་ཡོད་ལ། དེ་ནི་བཅའ་ཁྲིམས་ཀྱིས་བསྐུར་བའི་ལས་འགན་ཞིག་ཀྱང་ཡིན་སྟབས། ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱིས་ད་ལྟའི་བཀའ་ཤག་གི་ལས་དུས་མ་ཚར་སྔོན་ལ་ཤུགས་སྣོན་རྒྱག་དགོས་པའི་རེ་སྐུལ་ཞུས་སོང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༩/༢༢

Leave a Reply

One thought on “བོད་མི་ལག་དེབ་ལྗང་ཁུ་ཡོད་མཁན་ ༡༤༤༩༡༥ ཡོད་འདུག

  1. ཧ་ཧ། ད་ཡིན་ན་འདུག མི་རིགས་གཙང་མ་དང་ཆོས་ལུགས། ཆོས་རྒྱུད་གཅིག་པ་དང་བོད་མི་རིགས་ཀྱི་ཆེད་དུ་བྱ་གཞག་ཐོག་ཕྱག་གྲུ་མཉམ་འདེགས་གནང་བསྡད་མཁན་དེ་ཚོ་དང་། ཆོས་དང་ཟང་ཟིང་གི་འབྲེལ་བ་དེ་བཅད་ནས་བོད་པའི་སྤྱི་ཚོགས་ནང་ནག་པོ་བཟོ་གང་ཐུབ་དང་་ཟུར་ཕུད་གང་ཐུབ་བྱེད་ནས་ད་དུང་མི་རིགས་གཞན་གྱི་ཐོབ་ཐང་དང་ལག་འཁྱེར་ཆ་ཚང་ཐོབ་བསྡད་མཁན་དེ་ཚོ་ལ་ལྟ་སྐྱོང་དང་ཆིག་སྒྲིག་སྐོར་ལ་་་་་་ཧ་ཧ། དྲང་པོ་བཤད་ན་གད་མོ་ཤོར་ཡ་རང་རེད་འདུག