ཧྥ་རན་སིར་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས།

ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་རྗ་ཁུ་ལཱན་ལགས་ཀྱིས་ཧྥ་རན་སིར་བྱམས་བརྩེ་བོད་ཡིག་སློབ་གྲྭ་འཛུགས་རྒྱུའི་ཐད་རྒྱབ་སྐྱོར་དང་མཐུན་རྐྱེན་སྦྱོར་རྒྱུའི་ཞལ་བཞེས་གནང་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༢༡ ཉིན། ཧྥ་རན་སིའི་སན་གྷ་ཝ་སི་ཡན་ས་གནས་བོད་རིགས་ཚོགས་པའི་གོ་སྒྲིག་འོག་ས་གནས་དེའི་བོད་རིགས་མང་ཚོགས་ཀྱིས། ཧྥ་རན་སིར་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་སན་གྷ་ཝ་སི་ཡན་སྤྱི་ཁྱབ་ཟུར་པ་དང་ཧྥ་རན་སིའི་གྲོས་ཚོགས་གོང་མིའི་འཐུས་མི་ལྕམ་རྗཱ་ཁུ་ལཱན(Jacqueline) ལགས་དང་། ད་ལྟའི་སྤྱི་ཁྱབ་རྗོ་ལཱན་བྷ་ཤག་(Julien bachard)གཙོས་ཧྥ་རན་སིའི་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་མཐུད་པ་རྣམ་རྒྱལ་བསམ་འགྲུབ་ལགས། ཕ་རི་སིའི་བོད་རིགས་ཚོགས་ཟུར་དང་ད་ལྟའི་སན་གྷ་ཝ་སི་ཡན་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ་ལགས་དང་མི་མང་བཅས་འཛོམས་འདུག

མཛད་སྒོའི་ཐོག་ཧྥ་རན་སིའི་སན་གྷ་ཝ་སི་ཡན་གྱི་བོད་རིགས་ཚོགས་ཆུང་གི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་མཛད་སྒོ་བསྡུ་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ། དེ་བཞིན་ཁོང་གིས་མུ་མཐུད་ས་གནས་བོད་མི་བཙན་བྱོལ་བ་ཁང་པ་དང་ཡིག་ཆ་མ་རག་པའི་དཀའ་ངལ་འཕྲད་མཁན་རྣམས་ལ་གང་ཐུབ་ཀྱིས་རོགས་རམ་གནང་རྒྱུ་ཡིན་པའི་གསུང་བཤད་གནང་གྲུབ་རྗེས། ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་རྗཱ་ཁུ་ལཱན་ལགས་ཀྱིས། ང་རང་ཐོག་མར་བོད་པ་དང་འབྲེལ་བ་ཡོང་ས་དང་པོ་དེ་ཕྱི་ལོ་ ༢༠༠༧ ལོར་ཧི་མ་ལ་ཡའི་ས་ཁུལ་ལ་དྭགས་ནུབ་ར་ས་ཆ་ནས་ཐུབ་བསྟན་རྒྱ་མཚོ་དང་ངོ་ཤེས་ཆགས་ནས་བྱུང་བ་དང་། དེའི་རྗེས་ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༣ ཉིན་སྤྱི་ཁྱབ་ལས་ཁུངས་ཨ་མའི་ནང་ལ་བོད་ཀྱི་རྒྱལ་དར་གཏན་འཇགས་འཛུགས་པའི་སྐོར་ལ་ཚོགས་འདུ་ཞིག་ཚོགས་པ་དང་། ལོ་དེའི་ཕྱི་ཟླ་ ༡༠ དང་ ༡༡ གཉིས་རིང་བོད་དོན་དྲིལ་བསྒྲགས་ཀྱི་འགྲེམས་སྟོན་ཐོག་ནས་ལས་འགུལ་ཞིག་སྤེལ་བ་ཡིན། ཞེས་གསུངས་སོང་།

ཡང་ཧྥ་རན་སིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་ནང་ཟུར་ཞུགས་དང་ཧྥ་རན་སིར་བྱམས་བརྩེ་བོད་ཡིག་སློབ་གྲྭ་འཛུགས་ཕྱོགས་ཐད་རྒྱབ་སྐྱོར་བྱས་པའི་སྐོར་ལ་ཁོང་གིས། འདས་པའི་ལོ་ལྔ་དྲུག་གི་ནང་ལ་ངས་བོད་པ་ཁྱིམ་ཚང་བཞི་བཅུ་ལྷག་ལ་ཁང་པ་སྤྲད་པ་སོགས་བོད་པ་དང་འབྲེལ་བ་ཤུགས་ཆེ་ཙམ་བྱུང་བ་དང་། ད་ལོའི་ལོ་མགོར་ཐུབ་བསྟན་རྒྱ་མཚོའི་འབོད་སྐུལ་འོག་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆུང་ནང་ལ་ཟུར་ཞུགས་བྱས་པ་དང་། ཡུ་རོབ་ནང་ལ་བོད་རིགས་ཚོགས་པ་ཁག་གི་ཐུན་མོང་གི་སུམ་བཅུའི་དུས་དྲན་སྲུང་བརྩི་གནང་སྐབས། ངས་ཧྥ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གི་སྐུ་ཚབ་བྱས་ནས་ཇེ་ནེ་ཝ་རུ་བོད་དོན་རྒྱབ་སྐྱོར་གྱི་གཏམ་བཤད་བྱས་པ་ཡིན་ལ། དེ་བཞིན་ད་ལོའི་ཕྱི་ཟླ་ ༧ ནས་སན་གྷ་ཝ་སི་ཡན་བོད་རིགས་ཁྱིམ་ཚང་བཞི་བཅུ་ལྷག་གིས་བོད་རིགས་ཚོགས་ཆུང་ཞིག་བཙུགས་ནས་བྱམས་བརྩེ་བོད་ཡིག་སློབ་གྲྭ་འཛུགས་ཕྱོགས་ཐད་གྲོང་ཁྱེར་སྤྱི་ཁྱབ་གསར་པ་སྐུ་ཞབས་རྗོ་ལཱན་བྷ་ཤག་ངེད་གཉིས་ཀྱིས་རྒྱབ་སྐྱོར་དང་མཐུན་རྐྱེན་སྦྱོར་རྒྱུ་ཁས་ལེན་བྱེད་ཀྱི་ཡིན། ཞེས་གསུངས་སོང་།

དེའི་རྗེས་སྐུ་ཞབས་རྗོ་ལཱན་བྷ་ཤག་ལགས་ཀྱིས་དེ་རིང་གི་དགོང་ཚོགས་འདིར་མགྲོན་འབོད་བྱས་པ་ཧ་ཅང་དགའ་བོ་བྱུང་། ཁྱེད་རང་ཚོ་སན་གྷ་ཝ་སི་ཡན་དུ་ཕེབས་པ་ནི་བོད་པའི་རིག་གཞུང་དང་འཛུམ་མདངས་ཕེབས་པ་རེད། སྤྱི་ཚོགས་འདིའི་ནང་ལ་རིག་གནས་མ་འདྲ་བ་ཡ་རབས་དང་བཟང་སྤྱོད་ཀྱི་ངོ་བོ་ལྡན་པའི་སྲོལ་ལུགས་ཤིག་བསྣམས་ཕེབས་པ་ནི་ཧ་ཅང་རྩ་ཆེན་ཡིན་པ་སོང་ཙང་དགའ་བསུ་ཆེན་པོ་ཞུ་གི་ཡོད་སྐོར་སོགས་གསུངས་སོང་བ་དང་། མཐར་སན་གྷ་ཝ་སི་ཡན་བོད་རིགས་ཚོགས་ཆུང་ངོས་ནས་མི་མང་གི་ཚབ་བྱས་ཏེ་ལྕམ་རྗཱ་ཁུ་ལཱན་དང་སྐུ་ཞབས་རྗོ་ལཱན་བྷ་ཤག་གཉིས་གཙོས་སྐུ་ཞབས་ཐུབ་བསྟན་རྒྱ་མཚོ་བཅས་ལ་ཐུགས་རྗེ་ཞུའི་ལེགས་སྐྱེས་ཕུལ་རྗེས། དགོང་ཞས་མཉམ་རོལ་དང་གཞས་སྣ་འཁྲབ་སྟོན་སོགས་བྱས་ཏེ་མཛད་སྒོ་མཇུག་བསྡུས་ཡོད་འདུག

ཧྥ་རན་སིའི་རྒྱལ་ས་ཕ་རི་སི་ནས་བན་དེ་མཁར་གྱིས་གནས་ཚུལ་མཁོ་གཏོང་བྱས།

བསྐྱར་བཅོས།: ༢༠༡༨/༠༩/༢༢

Leave a Reply