བོད་ཁྱིམ་སློབ་གྲྭའི་རིགས་ལམ་འདུ་འཛོམས་ཆེན་མོ་ཐེངས་ ༨ པ་མཇུག་བསྡུས།

རིགས་ལམ་འདུ་འཛོམས་ཆེན་མོའི་དམིགས་ཡུལ་ནི་བོད་ཀྱི་རིགས་ལམ་རྩོད་རྒྱུགས་དེ་སློབ་ཕྲུག་གི་སློབ་ཚན་དང་མཐུན་སྦྱོར་གྱིས་སློབ་མའི་རྒྱུད་ལ་འཇགས་ཐབས་གནང་གི་ཡོད་སྐོར་བརྗོད་བྱུང་།

ཟླ་འདིའི་ཕྱི་ཚེེས་ ༡༧ ནས་ ༢༢ བར་ཉིན་དྲུག་རིང་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭའི་གོ་སྒྲིག་འོག  ཕྱི་ལོ་ ༢༠༡༨ ལོའི་བོད་ཁྱིམ་སློབ་གྲྭའི་རིགས་ལམ་འདུ་འཛོམས་ཆེན་མོ་ཐེངས་ ༨ པ་ཚོགས་ཡོད་པ་དང་།  འདི་ལོའི་རིགས་ལམ་འདུ་འཛོམས་ནང་དྷ་སྟེང་བོད་ཁྱིམ་སློབ་གྲྭ་དང་དྷ་ཤོད། གྷོ་པ་པུར། སུ་ཇ། ཅོན་ཏ་ར། སེ་ལ་ཀུ་བཅས་བོད་ཁྱིམ་སློབ་གྲྭ་ ༦ དང་། དེ་བཞིན་དཔེ་སྟོན་སློབ་གྲྭ་དང་སམ་བྷོ་ཊ་གཏན་སློབ་བཅས་སློབ་གྲྭ་ཁག་ ༨ ཀྱི་འཛིན་རིམ་ ༥ པ་ནས་ ༩ པ་བར་གྱི་སློབ་མ་ཁྱོན་ ༣༥༠ ལྷག་མཉམ་ཞུགས་བྱས་ཡོད་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་རིགས་ལམ་འདུ་འཛོམས་ཆེན་མོ་དེའི་དགོས་དམིགས་དང་རྩོད་གཞི་སོགས་ཀྱི་སྐོར་ལ་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་པ་སངས་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས།རྩོད་གཞི་ཀློག་དེབ་འདྲ་མིན་མང་པོ་ཡོད། དེ་ཡང་སློབ་ཕྲུག་ཚོས་བདུན་གཅིག་རིང་ཨང་རྩིས་དང་ཚན་རིག  བློ་རིག  གཞི་གྲུབ་སོགས་བརྗོད་གཞི་སྣ་ཚོགས་ཐོག་རིགས་ལམ་བརྩད་པ་རེད། ནམ་རྒྱུན་ཡིན་ན་རིགས་ལམ་རྩོད་རྒྱུ་དེ་དགོན་སྡེ་ཁག་ཏུ་ཡོད་པའི་ལམ་དང་ལུགས་སྲོལ་ཞིག་ཆགས་ཡོད་ནའང་། རིགས་ལམ་འདུ་འཛོམས་འདིའིི་དགོས་དམིགས་གཙོ་བོ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན། དམིགས་བསལ་སློབ་གྲྭ་ཁག་གི་སློབ་ཚན་དང་སྦྱར་ཏེ་ཚན་རིག་དང་ཨང་རྩིས་སོགས་ཀྱི་ཐོག་རིགས་ལམ་རྩོད་དུ་བཅུག་སྟེ་མ་འོངས་པར་སློབ་ཕྲུག་ཚོའི་རྒྱུད་ལ་འཇགས་ཐབས་བྱས་པ་ཡིན། ཞེས་བརྗོད་བྱུང་།

ཡང་འདི་ལོར་རིགས་ལམ་འདུ་འཛོམས་ཐོག་དམིགས་བསལ་ལས་སྣོན་ཡོད་སྐོར་ལ་ཁོང་གིས།  བོད་ནང་ལ་སྔོན་མ་ནས་མཚན་ཕུད་དམ་བཅའ་ཚོགས་སྲོལ་ཡོད་པ་རེད། རྒྱ་གར་ནང་ཕལ་ཆེར་ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༦ ཉིན་འཇང་དགུན་ཆོས་སྐབས་མཚན་ཕུད་དམ་བཅའ་དང་པོ་དེ་བྱུང་བ་རེད། ད་ལན་ཚོགས་པའི་རིགས་ལམ་འདུ་འཛོམས་ཆེན་མོ་ཐེངས་ ༨ པ་ཐོག་དམིགས་བསལ་མཚན་ཕུད་དམ་བཅའ་མགོ་འཛུགས་བྱས་ཏེ། སློབ་ཕྲུག་ཚོས་དགོང་མོའི་ཆུ་ཚོད་ ༦ ནས་ ༩ པའི་བར་རིགས་ལམ་བརྩད་པ་རེད་ལ། ནམ་ཞག་རྒྱུན་དུ་མཚན་ཕུད་དམ་བཅའ་ཚར་བའི་སྐབས་ལ་བོད་ལ་ཡིན་ན་རེད། བྱེས་ཀྱི་གདན་ས་ཁག་ཏུ་འབྲས་ཐུག་གནང་སྲོལ་ཡོད་པ་ལྟར་ང་ཚོས་སློབ་ཕྲུག་ཚོར་འབྲས་ཐུག་བསྐོལ་བ་ཡིན།  དེར་བརྟེན། ད་ལན་ནི་སྔར་བྱུང་མ་མྱོང་བ་ཞིག་ཆགས་ཡོད་ལ། སྔོན་མ་ཡིན་ན་འཛིན་གྲྭ་རེ་ནས་སློབ་ཕྲུག་ ༦ རེ་མ་གཏོགས་ཡོང་གི་མེད་ཀྱང་། ད་ལོར་འཛིན་གྲྭ་རེ་ནས་སློབ་ཕྲུག་ ༨ རེ་བྱས་ཏེ་སློབ་ཕྲུག་མང་པོར་གོ་སྐབས་དང་། ཐོས་རྒྱ་མཐོང་རྒྱ་སོགས་རིགས་ལམ་ལ་དོ་སྣང་ཡོང་ཆེད་སློབ་ཕྲུག་གི་ཁ་གྲངས་ཇེ་མང་དུ་བཏང་བ་ཡིན།  ཞེས་བརྗོད་བྱུང་།

རིགས་ལམ་འདུ་འཛོམས་ཀྱི་འགྲོ་གྲོན་སྐོར་ལ་ཁོང་གིས།  འདུ་འཛོམས་འདིའི་འགྲོ་གྲོན་ཆ་ཚང་དྷ་སྟེང་བོད་ཁྱིམ་ནས་གཏོང་གི་ཡོད། ད་ལྟའི་ཆར་ཞལ་ལག་སོགས་ཀྱི་བྱུང་འཛིན་སླེབས་མེད་སྟབས། གསལ་པོ་ཞིག་བཤད་མི་ཤེས་ནའང་། ད་ལོར་སློབ་ཕྲུག་གི་ཁ་གྲངས་ཇེ་མང་དུ་བཏང་བ་སོགས་ལ་བལྟས་ཡོང་དུས་ལོ་སྔོན་མ་དང་བསྡུར་ན་འགྲོ་གྲོན་འཕར་ཡོད་ལ། ངས་ཚོད་དཔག་བྱས་ན་ཧ་ལམ་འགྲོ་གྲོན་ཧིན་སྒོར་འབུམ་ ༣ ལྷག་ཕྱིན་ཡོད་པ་རེད།  ཅེས་བརྗོད་བྱུང་།

བོད་ཁྱིམ་སློབ་གྲྭ་ཁག་བར་གྱི་རིགས་ལམ་འདུ་འཛོམས་ཆེན་མོ་འདི་ཕྱི་ལོ་ ༢༠༡༠ ལོར་ཐོག་མར་མགོ་འཛུགས་གནང་ཡོད་པ་དང་། ལོ་རེར་ཐེངས་རེར་ཚོགས་ཀྱི་ཡོད་པ་མ་ཟད། གོ་སྒྲིག་ཀྱང་བོད་ཁྱིམ་སློབ་གྲྭ་ཁག་རེས་མོས་ཀྱིས་གནང་བཞིན་ཡོད་པ་ལྟར། ན་ནིང་དྷ་ཤོད་བོད་ཁྱིམ་དུ་ཚོགས་ཡོད་པ་དང་ལོ་རྗེས་མར་དྷ་སྟེང་བོད་ཁྱིམ་དུ་འཚོག་གཏན་འཁེལ་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ། 

བསྐྱར་བཅོས།: ༢༠༡༨/༠༩/༢༢

Leave a Reply