རྒྱ་ནག་གི་གཞུང་ཚབ་ཁང་གསར་པ་ཞིག་སྒོ་ཕྱེས།

རྒྱ་ནག་གཞུང་གིས་ཡར་རྒྱས་ཕྱིན་མེད་པའི་རྒྱལ་ཁབ་ཁག་ལ་དངུལ་ཕོན་ཆེན་གཡར་ཏེ་ཐའེ་ཝན་གྱི་བདག་དབང་རྒྱ་ནག་ལ་ཡོད་པའི་ངོས་འཛིན་ཐོབ་ཐབས་བྱེད་བཞིན་ཡོད་འདུགཁ་སང་རྒྱ་གཞུང་གི་ཕྱི་འབྲེལ་བློན་ཆེན་ཝང་ཡས་ (Wang Yi) ཀྱིས་ཊོ་མེ་ནི་ཀན་སྤྱི་མཐུན་རྒྱལ་ཁབ་ (Dominican Republic) ནང་རྒྱ་ནག་གི་གཞུང་ཚབ་ཁང་ཞིག་སྒོ་འབྱེད་བྱས་ཡོད་པ་དང་། དེ་བཞིན་འདི་ལོའི་ཕྱི་ཟླ་ ༡༠ ནང་རྒྱལ་ཁབ་དེའི་གཞུང་ཚབ་ཁང་ཞིག་རྒྱ་ནག་ནང་སྒོ་འབྱེད་བྱ་འཆར་ཡོད་འདུག

སྒོ་འབྱེད་མཛད་སྒོའི་ཐོག་ཝང་ཡས་ཀྱིས་ལོ་རྒྱུས་རང་བཞིན་ལྡན་པའི་གྲུབ་འབྲས་ཤིག་བྱུང་ཡོད་ལ། ཊོ་མེ་ནི་ཀན་སྤྱི་མཐུན་རྒྱལ་ཁབ་ནི་ཀེད་རའེ་པིན་རྒྱ་མཚོ་ (Caribbean Sea) ཁུལ་གྱི་རྒྱལ་ཁབ་ཁག་ནང་གི་ཚོང་ཤག་ཆེ་ཤོས་དང་། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་དེས་རྒྱལ་ཁབ་དེར་ལེགས་སྐྱེས་འབུལ་ཐུབ་ཀྱི་ཡོད་ལ། རྒྱལ་ཁབ་དེའི་ཕྱི་འབྲེལ་སྲིད་བྱུས་ཀྱི་ཐག་གཅོད་དང་བདག་དབང་རྒྱལ་ཁབ་དེ་རང་ལ་ཡོད་པ་ལས་གཞན་སུ་ལ་ཡང་མེད་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་སྲིད་བྱུས་དེ་གཞན་སུ་ལ་ཡང་དམིགས་ཀྱི་མེད་ལ། ད་ལན་གྱི་མ་འཛུགས་དངུལ་བུན་དེར་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་སྐོར་བརྗོད་ཡོད་པ་རེད།

འདས་པའི་ལོ་གཉིས་ནང་ཊོ་མེ་ནི་ཀན་སྤྱི་མཐུན་རྒྱལ་ཁབ་དང་པ་ན་མ་ (Panama)། ཨེལ་སལ་ཝ་ཊོར་ (El Salvador) བཅས་ཀྱིས་ཐའེ་ཝན་རྒྱལ་ཁབ་ལ་ངོས་འཛིན་བྱེད་བཞིན་པའི་སྲིད་བྱུས་ལ་འགྱུར་བ་བཏང་སྟེ། རྒྱ་གཞུང་དང་འབྲེལ་བ་དམ་ཟབ་འཛིན་པའི་མགོ་བརྩམས་ཡོད་པ་རེད། ཐའེ་ཝན་གཞུང་ནས་རྒྱ་ནག་གིས་ཊོ་མེ་ནི་ཀན་སྤྱི་མཐུན་རྒྱལ་ཁབ་ལ་ཨ་སྒོར་དུང་ཕྱུར་ ༣༡ གི་མ་འཛུགས་དངུལ་བུན་གྱིས་ཐའེ་ཝན་དང་རྒྱལ་ཁབ་དེ་གཉིས་བར་གྱི་ཕྱི་འབྲེལ་སྲིད་བྱུས་ཛ་དྲག་ཅན་ཏུ་བསྒྱུར་ཡོད་སྐོར་བརྗོད་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ཊོ་མེ་ནི་ཀན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨ་རིའི་གཞུང་ཚབ་རོ་པིན་བྷིན་ཊན་ (Robin Bernstein)ལགས་ཀྱིས།  རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྲིད་བྱུས་ཐག་གཅོད་ཀྱི་བདག་དབང་ལ་བརྩི་བཀུར་བྱེད་ཀྱི་ཡོད་ན་ཡང་། ཐག་གཅོད་གང་བྱུང་བ་དེ་ཚོར་མ་འོངས་བར་དམིགས་འབེན་གསལ་པོ་ཡོད་པ་དང་།  རྒྱལ་ཁབ་ཀྱི་ཚོང་ཤག་ཚོ་དང་མི་མང་། དེ་བཞིན་རྒྱལ་ཁབ་ཀྱི་བདག་དབང་ལ་ཤུགས་རྐྱེན་ཅི་ལྟར་ཐེབས་མིན་ལ་ངོས་འཛིན་གསལ་པོ་ཐོབ་དགོས་སྐོར་བརྗོད་འདུག་ལ། ཡང་ཨེལ་སལ་ཝ་ཊོར་གྱི་ཨ་རིའི་གཞུང་ཚབ་ཁང་གིས་མཚོ་གླིང་རྒྱལ་ཁབ་དེ་ཚོས་རྒྱུས་མངའ་མེད་པའི་ཤག་པོ་རྣམས་ལ་འབྲེལ་བ་དམ་ཟབ་བཏང་སྟེ་གསལ་ཁ་མེད་པའི་ཉོ་ཚོང་བྱེད་ཀྱི་ཡོད་སྐོར་སྐྱོན་བརྗོད་བྱས་འདུག

ཉེ་ཆར་རྒྱ་ནག་གཞུང་གིས་ཊོ་མེ་ནི་ཀན་སྤྱི་མཐུན་རྒྱལ་ཁབ་ནང་མཁའ་ལམ་ ༣ ཙམ་འཕར་སྣོན་བྱ་རྒྱུ་ཡིན་སྐོར་གྱི་དགོས་འདུན་བཏོན་ཡོད་པ་དང་། དེ་བརྒྱུད་ཡུལ་དེར་ཡུལ་སྐོར་བའི་གྲངས་འབོར་གྲངས་འབོར་ཇེ་མང་དང་ཚོང་ཟོག་དབོར་འདྲེན་མགྱོགས་ཏུ་གཏོང་བ། རུལ་སླ་བའི་ཟས་རིགས་དུས་ཐོག་ལ་འབྱོར་ཐུབ་པ་སོགས་ཀྱི་དགེ་ཕན་ཡོད་སྐོར་བརྗོད་འདུག ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་ནས་ཨ་སྒོར་ས་ཡ་ ༢༦༠༣ ཙམ་གྱི་ཚོང་ཟོག་ནང་འདྲེན་བྱས་ཡོད་པ་དང་། རྒྱ་ནག་ནང་ཨ་སྒོར་ས་ཡ་ ༡༤༥ ཙམ་གྱི་ཚོང་ཟོག་ཕྱིར་ཚོང་བྱས་ཡོད་པས།  རྒྱལ་ཁབ་གཉིས་བར་གྱི་ཚོང་འབྲེལ་ཐད་ཧེ་བག་ཆེན་པོ་ཤོར་ཡོད་པ་རེད། རྒྱལ་ཁབ་གཉིས་བར་གྱི་ཕྱི་འབྲེལ་བརྒྱུད་ཊོ་མེ་ནི་ཀན་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་མང་ལ་རྒྱ་ནག་གིས་ལས་ཀ་གང་མང་སྐྲུན་ཐབས་ལ་འབད་པ་བྱ་རྒྱུ་ཡིན་བརྗོད་ཡོད་འདུག

རྒྱ་ནག་གཞུང་གིས་ཐའེ་ཝན་ནི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་སྐོར་བརྗོད་བཞིན་ཡོད་པ་དང་། དེ་སྔ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁུངས་ཞུགས་རྒྱལ་ཁབ་ ༡༩༣ ཡོད་པ་ལས་ ༡༦ གིས་ཐའེ་ཝན་ནི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱས་ཏེ་ཕྱི་འབྲེལ་སྲིད་བྱུས་འཛིན་གྱི་ཡོད་པ་རེད། ཐའེ་ཝན་རྒྱལ་ཁབ་ལ་ངོས་འཛིན་བྱེད་མཁན་རྒྱལ་ཁབ་དེ་ཚོ་ཕལ་ཆེ་བ་ཐའེ་ཝན་བཞིན་མཚོ་གླིང་རྒྱལ་ཁབ་དང་ཡར་རྒྱས་དེ་ཙམ་ཕྱིན་མེད་པ་རྐྱང་རྐྱང་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༩/༢༢

Leave a Reply