ཡུ་གུར་མཐོ་རིམ་མགོ་འཁྲིད་ཅིག་ལ་ཞིབ་བཤེར་བྱེད་ཀྱི་འདུག  

རྒྱ་ནག་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཁང་གི་འགན་འཛིན་གཞོན་པ་ཡུ་གུར་བ་ཞིག་གིས་ཁྲིམས་འགལ་བྱས་ཡོད་པའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་ཀྱི་ཡོད་འདུག

ཁ་སང་རྒྱ་ནག་རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ལྷན་ཁང་གི་འགན་འཛིན་གཞོན་པ། རྒྱ་ནག་རྒྱལ་ཁབ་ནུས་ཤུགས་ཐོན་ཁུངས་ལྷན་ཁང་གི་ཚོགས་གཙོ་ཡུ་གུར་བ་ནུར་པེ་ཁེ་ལི་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞིའི་འོག རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཁང་ནས་འདྲི་རྩད་ཞིབ་བཤེར་བྱེད་ཀྱི་ཡོད་པའི་གནས་ཚུལ་བསྒྲགས་འདུག

རྒྱ་ནག་གཞུང་འབྲེལ་དབུས་བརྙན་འཕྲིན་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ནུར་པེ་ཁེ་ལི་ཡིས་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་ནག་ཉེས་ཚབས་ཆེན་བཟོས་ཡོད་སྐོར་བརྗོད་པ་ཙམ་ལས། ནག་ཉེས་ཅི་ཞིག་བཟོས་ཡོད་མེད་དང་གནས་སྟངས་ག་འདྲ་ཞིག་གི་འོག་ནས་ཞིབ་བཤེར་བྱེད་བཞིན་ཡོད་པ་སོགས་ཁ་གསལ་བཤད་མེད་འདུག

ནུར་པེ་ཁེ་ལི་ནི་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་མགོ་འཁྲིད་ཁྲོད་མིང་ཆེན་པོ་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་མགོ་འཁྲིད་ཅིག་ཡིན་པ་དང་། ཁོང་ཕྱི་ལོ་ ༡༩༩༢ ལོ་ནས་ཡུ་གུར་སློབ་གྲྭ་ཆེན་མོའི་དམར་ཤོག་དྲིལ་བསྒྲགས་ཀྱི་འགན་འཛིན་དུ་བསྐོས་བཞག་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༠༨  བར་ཡུ་གུར་རང་སྐྱོང་ལྗོངས་ནང་དམར་ཤོག་ཚོགས་པའི་མགོ་འཁྲིད་གཞོན་པར་བསྡད་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོ་ནས་རྒྱ་ནག་རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ལྷན་ཁང་གི་འགན་འཛིན་གཞོན་པ་དང་རྒྱལ་ཁབ་ནུས་ཤུགས་ཐོན་ཁུངས་ལྷན་ཁང་གི་ཚོགས་གཙོ་སོགས་བྱས་ཡོད་འདུག

རྒྱལ་སྤྱིའི་ཆབ་སྲིད་དཔྱད་བརྗོད་པ་མང་པོས་ནུར་པེ་ཁེ་ལི་ཡིས་ལྐོག་ཟ་རུལ་སུངས་དང་ཁྲིམས་འགལ་སྒྲིག་འགལ་གྱི་ནག་ཉེས་ཚབས་ཆེན་ཞིག་བྱས་པ་མ་ཡིན་པར། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཁག་གི་མགོ་འཁྲིད་ཚོ་གོ་གནས་མཐོ་བོར་བསླེབས་པ་དང་ནག་ཉེས་མང་པོ་བཙུགས་ཏེ། མི་སྣ་དེ་དག་གི་གོ་དབང་འགོག་ཐབས་ཀྱི་ལྐོག་ཇུས་མང་པོ་ཞིག་འཐེན་གྱི་ཡོད་པ་ལྟར། ཁོང་ལ་མ་ཉེས་ཁག་གཡོགས་བྱས་ཏེ་གོ་གནས་ནས་འཕུད་ཐབས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

ནུར་པེ་ཁེ་ལི་ནི་ཕྱི་ལོ་ ༡༩༦༩ ལོའི་ཟླ་༨ ནང་ཡུ་གུར་པོ་ལེ་ཞེས་པའི་ས་ཆར་སྐྱེས་ཤིང་། ཕྱི་ལོ་ ༡༩༧༨ ནས་ ༡༩༨༠ བར་ཡུ་གུར་སློབ་གྲྭ་ཆེན་མོའི་ཆབ་སྲིད་ཚན་ཁག་ནས་ཆབ་སྲིད་རིག་པའི་ཐོག་ཆེད་སྦྱོང་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༨༢ ལོ་ནས་དམར་ཤོག་ཚོགས་པའི་ཆབ་སྲིད་ནང་ཞུགས་ནས་ཕྱི་ལོ་ ༡༩༩༥ ནས་ཡུ་གུར་རང་སྐྱོང་ལྗོངས་ཁ་ཧྲེ་ས་ཁུལ་ཞེས་པའི་དྲུང་ཆེ་གཞོན་པ་དང་། ཕྱི་ལོ་ ༡༩༩༦ ལོར་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དྲུང་ཡིག་ཆེན་མོ། ཕྱི་ལོ་༡༩༩༨ ལོ་ནས་ཡུ་གུར་རང་སྐྱོང་ལྗོངས་ཨུ་ལུམ་མུ་ཆི་ཡི་གྲོང་ཁྱེར་སྤྱི་ཁྱབ་པ་དང་། ཕྱི་ལོ་ ༢༠༠༠ ལོ་ནས་ཡུ་གུར་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་ཚོགས་གཞོན་སོགས་ཀྱི་ལས་གནས་འཁུར་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༩/༢༢

Leave a Reply