ཀིརྟི་དགོན་གྱི་དགེ་འདུན་པ་གསུམ་འཛིན་བཟུང་བྱས།

ཟླ་འདིའི་ནང་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་རྡོ་རྗེ་རབ་བརྟན་ལགས་དང་བསྟན་འཛིན་དགེ་ལེགས་ལགས་སོགས་དགེ་འདུན་པ་ ༣ གྱིས་སྔ་གཞུག་ཏུ་རྔ་བ་རྫོང་མཁར་ནས་རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་ཞི་རྒོལ་སྐད་འབོད་གནང་སྟེ་འཛིན་བཟུང་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༥ ཉིན་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་རང་ལོ་ ༢༣ ཡས་མས་ཡིན་པ་རྡོ་རྗེ་རབ་བརྟན་ལགས་ཀྱིས་རྔ་བའི་རྫོང་མཁར་ནས་བོད་དོན་སྐད་འབོད་བྱས་ཏེ་སྐབས་ཐོག་དེར་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བཙད་འཁྲིད་ཀྱིས་བཀག་ཉར་བྱས་ཡོད་འདུག ཡང་ཟླ་འདིའི་ཕྱི་ཚེས་༦ ཉིན་རྔ་བ་ཀིརྟི་དགོན་པའི་རང་ལོ་ ༡༨ ཡིན་པ་དགེ་འདུན་པ་བསྟན་འཛིན་དགེ་ལེགས་ལགས་ཀྱིས་རྔ་བའི་རྫོང་མཁར་ནས་བོད་ལ་རང་དབང་དགོས་པའི་ཞི་རྒོལ་སྐད་འབོད་གནང་ཡོད་པ་དང་། དེ་མ་ཐག་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་ཀྱིས་ད་ལྟ་བཀག་ཉར་བྱས་ཡོད་འདུག

གཞན་ཡང་། ཟླ་འདིའི་ཕྱི་ཚེས་ཤར་ལ་རྔ་བའི་རྫོང་མཁར་ནས་དགེ་འདུན་པ་གཞན་ཞིག་གིས་ཀྱང་བོད་དོན་སྐད་བྱས་ཏེ་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ཀྱང་། ཁོང་གི་མཚན་དང་ད་ལྟའི་གནས་སྟངས་སོགས་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

རྡོ་རྗེ་རབ་བརྟན་ལགས་ནི་རྔ་བ་རྨེའུ་རུ་མ་ནས་ཡིན་ཞིང་། ཤག་གི་དགེ་རྒན་བློ་བཟང་ཟླ་བ་ཡིན་པ་ཙམ་ལས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མེད་པ་དང་། དེ་བཞིན་དགེ་འདུན་པ་བསྟན་འཛིན་དགེ་ལེགས་ལགས་ནི་རྔ་བ་རྨེའུ་རུ་མ་རུ་ཆེན་གཉིས་པའི་ཡོ་ཚང་དང་། ཕ་མིང་ལ་མ་ཉོ། མ་མིང་དཀོན་སྒྲོན་ཡིན་ཅིང་། ཁོང་གིས་སྐད་འབོད་མ་བྱས་གོང་དུ་སྔ་ཕྱི་བྱས་ནས་རྩོམ་ཡིག་གཉིས་བྲིས་ཏེ་སྐད་འཕྲིན་བར་སྟོང་དུ་བཞག་ཡོད་པ་དང་། ཁོང་གིས་རྒྱུན་དུ་ས་རིན་ཞེས་པའི་སྨྱུག་མིང་བཀོལ་ནས་བོད་མི་རིགས་ཀྱི་བདེ་སྡུག་གི་གནས་སྟངས་སོགས་བཀོད་པའི་རྩོམ་ཐུང་མང་པོ་བྲིས་ཡོད་འདུག ད་ལྟ་གང་དུ་བཀག་ཉར་བྱས་ཡོད་པ་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

དེ་མིན་ཕྱི་ལོ་༢༠༡༥ ལོར་རྔ་བའི་རྫོང་མཁར་ནས་བོད་ལ་རང་དབང་དགོས་པའི་སྐད་འབོད་བྱས་རྐྱེན་འཛིན་བཟུང་གིས་ལོ་གཉིས་དང་ཟླ་གསུམ་སོགས་ལོ་དུས་འདྲ་མིན་གྱི་བཙོན་འཇུག་ཐག་གཅོད་བྱས་པའི་བཙོན་པ་རྣམས་རིམ་བཞིན་ལོ་དུས་ཚང་ནས་གློད་གྲོལ་གཏོང་བཞིན་ཡོད་ཀྱང་། ཡུལ་ཚོའི་ཉེན་རྟོག་ཁང་གིས་སློབ་གསོ་གཏོང་དགོས་ལུགས་ཀྱིས་བདུན་ཕྲག་གཅིག་ཙམ་ལ་བསྐྱར་དུ་བཀག་ཉར་བྱས་ཏེ་གཏོང་གི་མེད་པའི་གནས་ཚུལ་ཡོང་གི་ཡོད་པ་དཔེར་ན། འདི་ལོའི་ཕྱི་ཟླ་༩ ཚེས་༡༧ ཉིན་གློད་གྲོལ་ཐོབ་པའི་རྔ་བ་ཀིརྟི་དགོན་གྱི་གྲྭ་བློ་བཟང་སྐལ་བཟང་ལགས་རྨེའུ་རུ་མའི་ཡུལ་ཚོའི་ཉེན་རྟོག་ཁང་དུ་ཉིན་ལྔའི་རིང་བཀག་ཉར་བྱས་ཡོད་པ་དང་། དེ་མིན་རྔ་བ་ཀིརྟི་དགོན་པའི་གྲྭ་འཇམ་དཔལ་རྒྱ་མཚོ་ལགས་ཀྱང་གོང་བཞིན་ཕྱི་ཟླ་༩ ནང་གློད་གྲོལ་ཐོབ་ཡོད་ཀྱང་རྨེའུ་རུ་མའི་ཡུལ་ཚོའི་ཉེན་རྟོག་ཁང་དུ་བདུན་ཕྲག་གཅིག་རིང་བསྐྱར་དུ་བཀག་ཉར་བྱས་པ་ལྟ་བུ་ཡོང་གི་ཡོད་འདུག

གཞན་ཡང་ཆབ་སྲིད་བཙོན་པ་མང་པོ་ཞིག་ཕྱི་ཚུལ་དུ་ལོ་དུས་ཚང་རིམ་བཞིན་གློད་གྲོལ་ཐོབ་ཀྱང་རྔ་བ་རྫོང་གསང་བའི་ལས་ཁུངས་དང་ཉེན་རྟོག་ཁང་གིས་དུས་ངེས་མེད་དུ་སྐད་བཏང་སྟེ་འདྲི་བརྩད་སྣ་ཚོགས་བྱེད་པ་དང་། རྫོང་ཁག་གཞན་པ་ཙམ་ལ་འགྲོ་བར་ཡང་ཁོང་ཚོ་ལ་སྔོན་ནས་བཤད་དགོས་པར་མ་ཟད། ཁོང་ཚོའི་འདོད་པ་མ་མཐུན་པ་བཀག་འགོག་བྱེད་པ། དེ་སྔོན་སློབ་གྲྭ་ཆེན་མོ་ཐོན་པ་སོགས་ཤེས་ལྡན་མི་སྣ་ཡིན་ཡང་གཞུང་འབྲེལ་གྱི་ལས་ཁུངས་ཙམ་མ་ཟད། སྒེར་ངོས་ནས་ཤེས་ཡོན་གྱི་ལས་ཀ་བྱས་པ་ཙམ་ལ་ཡང་སུན་གཙེར་སྣ་ཚོགས་བྱེད་པ། དགོན་པ་གཅིག་པ་དང་སྡེ་བ་གཅིག་པའི་ནང་ཆབ་སྲིད་དང་འབྲེལ་བའི་སྐད་འབོད་སོགས་བྱུང་སྐབས་ཁོང་ཚོ་ལ་དམིགས་གསལ་དོགས་གཞིའི་འོག་སུན་པོ་བཟོ་བ། ཚོང་ལས་སོགས་སྒེར་གྱི་འཚོི་ཐབས་འདྲ་མིན་གཉེར་སྐབས་གཞུང་གིས་ཆོག་མཆན་ཐོབ་དགོས་རིགས་ལ་དམིགས་གསལ་གྱིས་སྡང་པོ་བྱེད་པ། ཕྱི་བསྐྱོད་ལག་འཁྱེར་སྤྲོད་རྒྱུ་ཕར་ཞོགས་ཐོ་འགོད་ཙམ་ཡང་བྱེད་མི་འཇུག་པ་དང་། དེའི་ཕ་མ་སྤུན་མཆེད་དག་ལ་ཡང་ཕྱི་བསྐྱོད་ལག་འཁྱེར་སྤྲད་པར་དེ་འབྲེལ་གྱིས་དཀའ་ཁག་བཟོ་བ་སོགས་སྤྱི་དམངས་ཤིག་ལ་ཡོད་པའི་གཞི་རྩའི་ཐོབ་ཐང་ཕལ་མོ་ཆེ་རྩ་མེད་དུ་གཏོང་གི་ཡོད་པ་སོགས་ཀྱི་དཀའ་ངལ་སྣ་མང་མི་ཚེ་གང་བོར་མྱོང་དགོས་པ་ལྟ་བུར་གྱུར་ཡོད་པ་བཅས།

གནས་ཚུལ་མཁོ་གཏོང་བ་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས།

བསྐྱར་བཅོས།: ༢༠༡༨/༠༩/༢༤

Leave a Reply