དཔལ་རབ་གླིང་ལ་ཆུ་ལོག་གནོད་སྐྱོན་བྱུང་།

ཧི་མ་ཅལ་མངའ་སྡེའི་ནང་ཉིན་འགར་བསྟུད་མར་གངས་ཆར་་ཤུགས་ཆེན་འབབ་ཀྱི་ཡོད་པའི་རྐྱེན་གྱིས་ས་རུད་ཆུ་ལོག་བྱུང་སྟེ་ལམ་ཆད་པ་དང་སྡོད་ཁང་ཆུས་བསྣུབས་པ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་འདུགཟླ་འདིའི་ཕྱི་ཚེས་ ༢༡ ཙམ་ནས་བཟུང་ཧི་མ་ཅལ་མངའ་སྡེའི་ནང་བསྟུན་མར་ཆར་བ་ཤུགས་ཆེན་འབབ་ཀྱི་ཡོད་པའི་རྐྱེན་གྱིས་ལམ་ཆད་པ་དང་རྒྱུག་ཆུ་རྒྱས་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། ལྷག་པར་དུ་བྷི་སི་གཙང་པོ་ (Beas river) རྒྱས་སྟེ་མ་ན་ལི་ཀུ་ལུ་རྫོང་ཁོངས་ཀྱི་ལམ་ཁ་དང་ཟམ་པ་ཆད་པ་དང་། གཞུང་ལམ་ཐོག་ཆུ་ལོག་རྒྱུག་ནས་འགྲུལ་སྐྱེལ་རླངས་འཁོར་གཉིས་ཙམ་ཆུས་དེད་ནས་གཙང་བོར་ལྷུང་ཡོད་པ་དང་། ཀུ་ལུ་སོགས་སུ་ཡུལ་མི་མང་པོ་ཞིག་ཆུ་ལོག་ལ་གཡོལ་ཆེད་ས་གནས་གཞན་ལ་གནས་སྤོར་གྱི་ཡོད་འདུག

མ་ན་ལི་ཀུ་ལུ་རྫོང་ཁུངས་ཀྱི་དཔལ་རབ་གླིང་གཞིས་ཆགས་ནང་ཆུ་ལོག་གི་དཀའ་ངལ་འཕྲད་བཞིན་ཡོད་པའི་བརྙན་དང་པར་རིས་འདི་གར་འབྱོར་བ་ལྟར། དེ་རིང་ཉིན་རྒྱབ་འདི་གའི་གསར་འགོད་པས་ས་གནས་དེའི་གཞིས་མགོ་བསྟན་འཛིན་སྣང་བ་ལགས་སུ་ས་གནས་ཀྱི་གནས་སྟངས་སྐོར་སྐད་ཆ་དྲིས་པར། ད་ལྟ་རྒྱ་གར་གཞུང་གི་མྱུར་སྐྱོབ་ཚན་པ་སླེབས་ཚར་ཙམ་ཡིན་པ་དང་། མྱུར་སྐྱོབ་བྲེལ་བ་ཆེ་བས་སྐད་ཆ་བཤད་ཁོམ་མེད་སྐོར་བརྗོད་བྱུང་།

དེ་ནས་ས་གནས་བོད་མི་ཚེ་རིང་སྐྱིད་ལོ་ལགས་ཀྱིས། ཉེ་སྔོན་མ་ན་ལི་ལམ་ཁ་དང་ཟམ་པ་གསར་པ་མང་པོ་བཟོ་བཞིན་ཡོད་པར་བརྟེན། ཆུ་རགས་ཤིག་ཤོར་ཏེ་དཔལ་རབ་གླིང་གཞིས་གྲོང་གི་ཟུར་གཞན་ཞིག་ནས་རྒྱུག་གི་ཡོད་པའི་རྐྱེན་གྱིས་ཆུ་ལོག་གནོད་སྐྱོན་ཐེབས་ཡོད་པ་རེད། མདང་དགོང་ནས་བཟུང་ཆུ་ལོག་ཤུགས་ཆེ་རུ་སོང་བའི་རྐྱེན་གྱིས་རྒྱ་གར་མྱུར་སྐྱོབ་ཚན་པས་སྐས་འཛེགས་རིང་པོ་དེ་འདྲ་འཁྱེར་ཡོང་ནས་མྱུར་སྐྱོབས་བྱེད་བཞིན་པའི་སྒང་ཡིན་པ་དང་། གྲོང་མི་ཕལ་ཆེ་བ་ས་ཅུང་མཐོ་ས་ཞིག་ན་ཡོད་པ་དང་། ད་སྔ་མི་ལ་གནོད་སྐྱོན་བྱུང་བ་གང་ཡང་གོ་ཐོས་རྒྱུ་མེད་པ་དང་། གཞིས་གྲོང་ནང་གནོད་འཚེ་ག་རེ་བྱུང་ཡོད་མེད་ཤེས་རྟོགས་བྱུང་མ་སོང་སྐོར་བརྗོད་བྱུང་།

གནས་ཚུལ་ཡོང་ཁུངས་གཞན་ནས་མ་ན་ལི་ཉིན་སློབ་ལ་ཆུ་ལོག་གནོད་སྐྱོན་ཐེབས་མེད་སྐོར་བརྗོད་བྱུང་བ་དང་། ས་གནས་ཡུལ་མིས་སྤེལ་བའི་བརྙན་ཐུང་ཁག་ནང་ནམ་རྒྱུན་བོད་མི་མང་པོ་འགྲོ་སའི་ཆུ་ཚན་ (Kalath) ཆུ་ལོག་གིས་མནན་ཡོད་འདུག

རི་རྒྱུད་ཀྱི་ས་ཁུལ་ཁག་ཏུ་དེ་རིང་བར་བསྟུན་མར་ཆར་བ་དང་རི་མགོ་སོགས་སུ་གངས་འབབ་རྒྱུ་ཡིན་པའི་ཉེན་བརྡ་བཏང་བ་ལྟར། རྒྱ་གར་གཞུང་ནས་མ་ན་ལི་དང་མན་ཌི། ཀང་ར། དྷ་རམ་ས་ལ་སོགས་ཀྱི་སློབ་གྲྭ་ཁག་ཚང་མ་སྒོ་རྒྱག་དགོས་པ་དང་འགྲུལ་བ་ཚོས་བདེ་འཇགས་ལ་ཡིད་གཟབ་དགོས་པའི་སྔོན་བརྡ་བཏང་ཡོད་པ་དང་། ཁ་སང་མ་ན་ལི་རོ་ཐང་ལ་སོགས་སུ་གངས་ཤུགས་ཆེན་པོ་བརྒྱབས་པས་འགྲུལ་བཞུད་པ་མང་པོ་ཕར་ཚུར་འགྲོ་སྐྱོད་མ་ཐུབ་པར་ལྷག་ཡོད་འདུག ཡིན་ནའང་། མི་ལ་ཤི་རྨས་བྱུང་བའི་གནས་ཚུལ་གོ་ཐོས་མི་འདུག

ཁ་སང་མཐའ་མཚམས་ལམ་བཟོ་ཚོགས་པས་ (Border Roads Organisation) བརྗོད་པ་ལྟར་ན། རོ་ཐང་གི་ཉེ་འདབས་སུ་མི་ ༢༠ ཉེན་ཁ་ལས་སྐྱོབ་ཐུབ་པ་བྱུང་ཡོད་པ་དང་། ཀུ་ལུ་རྫོང་ནང་རྒྱ་གར་མཁའ་དམག་གིས་ཆུ་ལོག་ལས་མི་ ༡༩ ཙམ་བསྐྱབས་ཡོད་འདུག དེ་བཞིན་གངས་བབས་པར་བརྟེན་མཱ་ནཱ་ལི་ནས་སླེ་བར་གྱི་གཞུང་ལམ་གནས་སྐབས་རིང་འགག་ཡོད་འདུག དེ་བཞིན་ཧི་མ་ཅལ་མངའ་སྡེ་ནང་གི་ཆར་ཤུགས་འབབ་ཚད་ཆེ་བའི་རྫོང་འགའི་ནང་གཞུང་སྒེར་གཉིས་ཀྱི་སློབ་གྲྭ་ཁག་མངའ་སྡེ་གཞུང་གིས་སྒོ་རྒྱག་དགོས་པའི་བཀའ་མངགས་གནང་འདུག

དེ་རིང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྗེ་རམ་ཐའོ་ཀར་ (Jai Ram Thakur) མཆོག་གིས་བཀའ་ཁྱབ་ཅིག་བཏང་གནང་སྟེ། མངའ་སྡེའི་རི་འཛེགས་དམག་སྦྱོང་ཁག་མཚམས་འཇོག་དང་ཆར་ཤུགས་ཆེ་བའི་ཡུལ་སྐོར་ལྟེ་གནས་ཁག་ལ་ཕྱི་རྒྱལ་བ་ཚོ་མི་གཏོང་རྒྱུ་དང་། དེ་བཞིན་གནོད་འཚེ་ཐེབས་ཡུལ་ཁག་ནང་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། གཞུང་ལམ་ཁག་བསྐྱར་གསོའི་ལས་གཞི་མགོ་འཛུགས་བྱས་ཟིན་ཡོད་སྐོར་གསུངས་འདུག་ལ། སྤྱི་ཁྱབ་བློན་ཆེན་མཆོག་གནོད་འཚེ་ཐེབས་ཡུལ་ཁག་ལ་གཟིགས་ཞིབ་ཏུ་ཕེབས་བཞིན་ཡོད་པ་དང་། མྱུར་སྐྱོབ་ཀྱི་ལས་ཀ་གཉེར་བཞིན་པའི་སྒང་ཡིན་འདུག

སྤྱིར་བཏང་ཀུ་ལུ་མ་ན་ལི་ཁུལ་དུ་ཁྱོན་བོད་མི་ ༡༧༤༣ ཙམ་ཡོད་པ་དང་། དཔལ་རབ་གླིང་གཞིས་ཆགས་ནང་བོད་མི་ ༤༠༧ ཡོད་འདུག  མ་ན་ལི་ཀུ་ལུ་ཁུལ་གྱི་བོད་མི་མང་ཆེ་བ་སུད་ཚོང་སོགས་ཚོང་ལས་ཙག་ཙིག་གཉེར་མཁན་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག་དང་ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༩/༢༤

Leave a Reply