སྐད་འཕྲིན་བེད་སྤྱོད་གཏོང་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་།

འདས་པའི་ལོ་གཅིག་ནང་བོད་མི་སེར་སྐྱ་ཕོ་མོ་ ༢༥༤༠ ཡིས་ཕྱི་སྐྱོད་ལག་ཁྱེར་ཞུས་ཡོད་པ་དང་ཕྱི་རྒྱལ་དུ་ཐོན་ཆོག་པར་(Exit Permit)རྒྱབ་གཉེར་ཡི་གེ་ ༥༥༣༢ བླངས་ཡོད་འདུག

དེ་རིང་གྲོས་ཚོགས་ཚོགས་དུས་ ༦ པའི་ལས་ཉིན་ ༦ ཐོག་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་ནས་བདེ་སྲུང་ལས་ཁུངས་ཀྱི་ལས་བསྡོམས་སྙིང་བསྡུས་དང་སྤྱི་འཐུས་རྒྱུན་ལས་ནས་ལས་བསྡོམས་རྒྱས་པར་གཟིགས་ཞིབ་གནང་བའི་སྙན་ཐོ་སྙན་སྒྲོན་ཞུས་ཏེ་སྤྱི་ཡོངས་ནས་བགྲོ་གླེང་དང་། བདེ་སྲུང་བཀའ་བློན་ནས་ལན་འདེབས་གསལ་བཤད་གནང་སྐབས། འདི་ལོར་བོད་མི་ཕྱི་སྐྱོད་ལག་ཁྱེར་(IC)་ཞུ་མཁན་མི་སྐྱ་ཕོ་མོ་ ༢༢༦༢ དང་གྲྭ་བཙུན་གྲངས་ ༢༧༨ བཅས་ཁྱོན་ ༢༥༤༠ བྱུང་ཡོད་པ་དང་། ཕྱི་རྒྱལ་དུ་ཐོན་ཆོག་པར་(Exit Permit)་རྒྱབ་གཉེར་ཡི་གེ་ ༥༥༣༢ དང་། ཕྱིར་ལོག་ཆོག་མཆན་(Return visa)ལ་རྒྱབ་གཉེར་ཡི་གེ་ ༨༣༢ སྤྲད་ཡོད་སྐོར་གསུངས་སོང་།

ཡང་ཁོང་གིས། བལ་ཡུལ་སྣེ་ལེན་ཁང་བརྒྱུད་བོད་ནས་གསར་དུ་འབྱོར་བ་ཁྱོན་ ༤༨། བོད་ནས་གནས་སྐོར་དུ་ཡོང་མཁན་ ༢༨༦༡ བྱུང་ཡོད་པའི་ཁྲོད་རྒྱ་གར་གཞུང་ཚབ་ཁང་བརྒྱུད་རྒྱ་གར་ནང་ཡོང་ཆོག་པའི་ལག་འཁྱེར་ཡོད་མཁན་ ༤༧། དེ་བཞིན། ལྡི་ལིར་ཐོ་འགོད་བྱས་པ་བརྒྱུད་བོད་ལ་གཉེན་འཕྲད་དུ་འགྲོ་མཁན་ ༡༨༧  བྱུང་ཡོད་སྐོར་དང་། གཞན། འདི་ལོར་རྒྱ་གར་ནང་གསར་སྐྱེས་དང་དྲ་ཕྲུག་ཁྱོན་ ༩༡ དང་། བོད་ནས་གསར་དུ་འབྱོར་བའི་མི་ ༤༨ བཅས་ཁྱོན་ ༡༣༩ ལ་སྐྱབས་བཅོལ་ལག་དེབ་གསར་བཟོ་བྱེད་ཐུབ་ཡོད་སྐོར་གསུངས་སོང་།

སྤྱི་འཐུས་ཁག་ཅིག་གིས་བདེ་སྲུང་ལས་ཁུངས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཕྱཱའི་ཐད་ལས་དོན་ལེགས་འགྲུབ་བྱུང་གི་ཡོད་སྐོར་ལ་བསྔགས་བརྗོད་དང་སྤྲགས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ཀྱི་བདེ་འཇགས་སྲུང་སྐྱོབ་ཐད་བདེ་སྲུང་ནས་ག་རེ་གནང་གི་ཡོད་མེད་དྲིས་པར་བདེ་སྲུང་བཀའ་བློན་མཆོག་གིས། སྲིད་སྐྱོང་མཆོག་ལ་ནམ་རྒྱུན་ནས་བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་ ༢ ནས་སྐུ་སྲུང་བྱེད་བཞིན་ཡོད་པ་དང་། དྷ་རམ་ས་ལར་ནམ་ཡོད་ལ་ཧི་མ་ཅལ་མངའ་སྡེ་གཞུང་གི་བཀའ་འཁྲོལ་ཡོད་པའི་ཐོག་རྒྱ་གར་ཉེན་རྟོག་པ་ཞིག་གིས་སྲུང་སྐྱོབ་བྱེད་བཞིན་ཡོད་སྐོར་དང་།  ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕེབས་སྐབས་འབྲེལ་ཡོད་ཚན་པར་འབྲེལ་བ་ཞུས་ཏེ་སྲུང་བྱ་གང་ཐུབ་ཞུས་དང་ཞུ་མུས་ཡིན་སྐོར།  དེ་བཞིན།  བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ལའང་དགོས་མཁོ་བྱུང་ཚེ་བདེ་སྲུང་ལས་ཁུངས་ནས་སྐུ་སྲུང་བ་གོ་སྒྲིག་བྱེད་ངེས་ཡིན་སྐོར་སོགས་གསུངས་སོང་།

ཡང་སྤྱི་འཐུས་ཁག་ཅིག་ནས་དེང་སང་སྤྱི་ཚོགས་དྲ་ལམ་ཤུགས་ཆེན་དར་བ་དང་བསྟུན་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་འཁྲིད་རྣམ་པའི་གཙོས་མི་སྒེར་དང་ཚོགས་པ་སོགས་ལ་སྐྱོན་བརྗོད་སྣ་ཚོགས་བྱས་ཏེ། བོད་མིའི་སྤྱི་ཚོགས་ནང་དཀྲུག་ཤིང་གཏོང་ཐབས་ཀྱི་བྱ་སྤྱོད་སྤེལ་མཁན་མང་པོ་ཡོང་གི་ཡོད་སྐོར་དང་། བདེ་སྲུང་གིས་དེ་ཚོར་ཞིབ་འཇུག་སྟངས་འཛིན་དགོས་སྐོར་བརྗོད་པར་བདེ་སྲུང་བཀའ་བློན་མཆོག་གིས། བོད་མིའི་སྤྱི་ཚོགས་ལྷིང་འཇགས་དང་སྲ་བརྟན་ཡོང་རྒྱུ་ནི་བདེ་སྲུང་ལས་ཁུངས་ནས་གལ་གནད་ཅིག་ཏུ་བརྩི་ཡི་ཡོད་པར་བརྟེན།  སྤྱི་ཚོགས་དྲ་ལམ་དུ་བོད་ཀྱི་རྩ་དོན་ལ་གནོན་པ་དང་བོད་མིའི་སྒྲིག་འཛུགས་ལ་གནོད་པ། དེ་བཞིན་མི་སྒེར་སོགས་ལ་གནོད་པའི་ལས་དོན་སྒྲུབ་མཁན་ཚོར་དོ་སྣང་བྱས་དང་བྱེད་མུས་ཡིན་སྐོར་དང་།  བོད་མི་ཚོས་བེད་སྤྱོད་ཤུགས་ཆེ་ཤོས་བྱེད་བཞིན་པའི་སྤྱི་ཚོགས་བརྒྱུད་ལམ་སྐད་འཕྲིན་གྱི་བདག་པོ་རྒྱ་ནག་ཡིན་སྟབས། སྐད་འཕྲིན་བེད་སྤྱོད་གཏོང་མཚམས་འཇོག་པའི་འབོད་སྐུལ་ཞུས་པ་མ་ཟད། མ་འོངས་པར་གཞིས་ཆགས་ཁག་ཏུ་སྐད་འཕྲིན་བདེ་འཇགས་སྐོར་ལ་གོ་རྟོགས་ཀྱང་སྤེལ་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

སྤྱི་འཐུས་རྒྱུན་ལས་ནས་ད་ལྟ་བར་ཨོ་སི་ཊོ་ལི་ཡའི་ནང་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད་འབྲེལ་ཆགས་བཅས་མི་ག་ཚོད་གནས་སྤོ་ཟིན་ཡོད་པ་དང་། ཆབ་སྲིད་བཙོན་མའི་ལས་གཞི་དེའི་ནང་འཛུལ་ཞུགས་བྱེད་ཕྱོགས་སོགས་བཀའ་འདྲི་གནང་བ་ལྟར། བདེ་སྲུང་བཀའ་བློན་མཆོག་ནས་ཕྱི་ལོ་ ༡༩༩༦ ལོ་ནས་ཨོ་གླིང་དུ་ཆབ་སྲིད་བཙོན་མ་གཏོང་མགོ་བཙུགས་ཏེ་ད་ལྟའི་བར་ཆབ་སྲིད་བཙོན་མ་དང་འབྲེལ་ཡོད་འབྲེལ་ཆགས་སོགས་ཁྱོན་མི་གྲངས་ ༡༣༣༨ ཙམ་སོང་ཡོད་པ་དང་། ཁོང་ཚོ་ཨོ་གླིང་དུ་མ་ཕྱིན་སྔོན་ལ་ཟབ་སྦྱོང་སྤྲད་དེ་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་དྲན་པའི་ཐོག་དྭང་བླང་དཔྱ་དངུལ་འབུལ་དགོས་པ་རེད་ཅེས་གསུངས་ཡོད་སྐོར་དང་། དེ་བཞིན། ཆབ་སྲིད་བཙོན་མའི་ཁོངས་སུ་འཛུལ་ཐབས་གཞན་མ་འོངས་པར་གནས་སྟངས་ལ་བལྟས་ཏེ་བཀའ་འཁྲོལ་ཡོད་པའི་ཐོག་ནས་སྒྲིག་གཞི་བསྐྱར་བཅོས་བཟོ་དགོས་བྱུང་ཡང་བཟོ་རྒྱུ་ཡིན་སྐོར་གསུངས་སོང་།

ཡང་སྤྱི་འཐུས་གཅིག་གིས་སྒེར་གྱི་དགོངས་ཚུལ་བཤད་སྐབས་ཨོ་གླིང་དུ་བོད་མི་ ༡༣༣༨ ཙམ་ཡོད་པའི་བདེ་སྲུང་གི་གྲངས་ཐོ་དེ་ལས་དྭང་བླང་དཔྱ་དངུལ་འབུལ་མཁན་ཕལ་ཆེར་ ༦༨༠ ཙམ་ཡོད་པའི་སྐད་ཆ་དེ་བརྒྱ་ཆ་ ༥༠ ཙམ་ཆགས་ཡོད་པ་དང་། སྤྱིར་བཏང་ཨོ་གླིང་དུ་ཡོད་པ་རྣམས་ནི་རྒྱལ་གཅེས་དཔའ་བོ་དཔའ་མོ་དང་བོད་བསྟན་སྲིད་ཆེད་བློས་གཏོང་ཕྱག་ལས་གནང་མཁན། བོད་མི་གཞན་དང་མི་འདྲ་བར་བོད་མིའི་སྒྲིག་འཛུགས་ནས་དམིགས་བསལ་གཟིགས་སྐྱོང་ཐོབ་མཁན་ཞིག་ཆགས་ཡོད་དུས། ཁོང་ཚོས་དྭང་བླང་དཔྱ་དངུལ་འབུལ་རྒྱུ་ནི་ཟློག་ཏུ་མེད་པའི་འོས་འགན་ཞིག་ཆགས་ཡོད་སྐོར་བརྗོད་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

 

བསྐྱར་བཅོས།: ༢༠༡༨/༠༩/༢༤

Leave a Reply