མུ་དྷི་མཆོག་ནོ་བྷེལ་ཞི་བདེའི་གཟེངས་རྟཊ་ཀྱི་འོས་མིར་འདོན་གྱི་འདུག

རྒྱ་གར་ཊ་མིལ་ནཱ་ཌོ་མངའ་སྡེའི་བྷི་ཇེ་པེ་ཚོགས་པའི་ཚོགས་གཙོ་སོགས་ཆེད་མཁས་པ་ཁག་ཅིག་ནས་སྲིད་བློན་མུ་དྷི་མཆོག་ཕྱི་ལོ་ ༢༠༡༩ ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིར་མཚན་འདོན་གནང་བའི་དྲིལ་བསྒྲགས་མགོ་འཛུགས་བྱས།

རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་ལྷོ་ཕྱོགས་ཊ་མིལ་ནཱ་ཌོ་མངའ་སྡེའི་བྷེ་ཇི་པེ་ཚོགས་པའི་ཚོགས་གཙོ། སྨན་རམས་པ་ལྕམ་ཊ་མིལ་ལེ་སཱ་སིང་དྷི་རཱ་ཇཱན (Tamilisai Soundararjan)ལགས་དང་དང་མོའི་བཟའ་ཟླ་སློབ་དཔོན་པེ་སིང་དྷི་རཱ་ཇཱན(Dr P Soundarajan)ལགས་གཉིས་གཙོའི་སྒེར་གཉེར་གཙུག་ལག་སློབ་ཆེན་གྱི་ཆེས་མཁས་སྨན་པ་ཁག་ཅིག་གིས། སྲིད་བློན་མུ་དྷི་མཆོག་ཕྱི་ལོ་ ༢༠༡༩ ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིར་མཚན་འདོན་གྱི་དྲིལ་བསྒྲགས་མགོ་འཛུགས་བྱས་ཡོད་འདུག

ལྕམ་ཊ་མིལ་ལེ་སཱ་ཡིས་ཊ་མིལ་ནཱ་ཌོ་སྤྱི་ཁྱབ་བློན་ཆེན་ལས་ཁུངས་སུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། སྐབས་དེར་མོས་སྲིད་བློན་མུ་དྷི་མཆོག་ཕྱི་ལོ་ ༢༠༡༩ ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིར་མཚན་འདོན་གནང་དོན་ནི། སྲིད་བློན་མཆོག་གིས་(Ayushman Bharat health scheme)ཞེས་པའི་འཛམ་གླིང་གི་ཆེས་ཆེ་བའི་འཕྲོད་བསྟེན་ལྟ་སྐྱོང་གི་ལས་གཞི་སྤེལ་པས་ཡིན་ལ། ང་རང་སྨན་པ་ཞིག་ཡིན་པའི་ངོས་ནས་མི་མང་གི་འཕྲོད་བསྟེན་ཐད་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད་ལ། སྲིད་བློན་མཆོག་གི་ལས་གཞི་འདིས་དམིགས་བསལ་མི་མང་སྐྱོ་བོ་ཚོར་ཕན་ཐོགས་རྒྱ་ཆེན་པོ་ཞིག་བསྐྲུན་སོང་ལ། ལས་གཞི་འདི་ནི་འཛམ་གླིང་གི་སྲིད་གཞུང་ཞིག་གིས་སྒྲུབ་པའི་འཕྲོད་བསྟེན་ལྟ་སྐྱོང་ལས་གཞི་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་རེད། ཅེས་བརྗོད་འདུག

ཡང་མོས་འོས་མི་འདེམས་སྒྲུག་གི་མཐའ་མའི་ཐག་གཅོད་དེ་ཕྱི་ལོ་ ༢༠༡༩ ཟླ ༡ ཚེས་༣༡ ཡིན་པས། འདེམས་སྒྲུག་གི་ལས་གཞི་ཕྱི་ཟླ་ ༩ ནས་མགོ་འཛུགས་ཀྱི་ཡོད་པ་དང་། རྒྱ་གར་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་དང་རྒྱལ་ཡོངས་གྲོས་ཚོགས་འཐུས་མི་གཙོས་སུས་ཡིན་ནའང་སྲིད་བློན་མུ་དྷི་མཆོག་འོས་མིར་མཚན་འདོན་གནང་ཆོག་པ་མ་ཟད། ད་ལྟ་དུས་ཚོད་ཀྱང་ཡོད་པ་རེད། ཅེས་བརྗོད་འདུག

སྲིད་བློན་མུ་དྷི་མཆོག་གི་འཕྲོད་བསྟེན་ལྟ་སྐྱོང་གི་ལས་གཞི་དེ་ནི་ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་དངོས་སུ་དབུ་འབྱེད་གནང་ཡོད་པ་དང་། འཕྲོད་བསྟེན་ལྟ་སྐྱོང་གི་ལས་གཞི་དེ་ནི་མི་མང་སྐྱོ་བོ་དང་ཐོབ་ཐང་དེ་ཙམ་མེད་པ་ཚོའི་ཆེད་དུ་དམིགས་པ་ཞིག་ཡིན་སྐོར་བརྗོད་ཡོད་པ་ལྟར།  རྒྱ་གར་གྱི་ཆེད་མཁས་པ་མང་པོས་ལས་གཞི་དེས་རྒྱ་གར་མི་མང་སྐྱོ་བོ་ས་ཡ་མང་པོར་ཕན་ཐོགས་འབྱུང་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་མ་ཟད། ད་ལྟ་བར་འཛམ་གླིང་གི་སྲིད་གཞུང་སུས་ཀྱང་བསྐྲུན་མ་མྱོང་བའི་འཕྲོད་བསྟེན་ལས་གཞི་ཞིག་ཆགས་ཀྱི་ཡོད་སྐོར་བརྗོད་ཀྱི་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༩/༢༥

Leave a Reply