གཞོན་ནུའི་སིལ་སྤོལ་འགྲན་སྡུར་མགོ་འཛུགས་བྱས།

གཞོན་ནུའི་སིལ་སྤོལ་རྩེད་འགྲན་པ་རྣམས་ཀྱིས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཆེད་དུ་ཡིན་བསམ་ནས་ལྷག་བསམ་རྣམ་དག་གིས་མཐའ་མའི་མཇུག་འབྲས་གང་ཡིན་ཀྱང་ཡག་པོ་ཞིག་རྩེ་རོགས་ཞེས་འབོད་སྐུལ་གནང་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༥ སྟེང་དྷ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་གྱི་སིལ་སྤོལ་འགྲན་སྡུར་ཐེངས་ ༡༧ པ་གངས་སྐྱིད་སིལ་སྤོལ་ཐང་དུ་མགོ་འཛུགས་བྱས་སོང་བ་དང་། མགོ་འཛུགས་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བསྟན་འཛིན་སྲི་གཅོད་ལགས་ཀྱི་གཙོའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གི་འཐུས་ཚབ་དང་། སིལ་སྤོལ་རྩེད་འགྲན་རུ་ཁག་ ༡༦ གི་རྩེད་མོ་བ་སོགས་ཁྱོན་མི་གྲངས་ ༨༠ ལྷག་འཛོམས་འདུག

མཛད་སྒོའི་ཐོག་མར་ཚང་མས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་རྒྱ་གར་གྱི་རྒྱལ་གླུ་ཕུལ་བ་དང་། བོད་དོན་ཆེད་ལུས་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་རྗེས་དྲན་མྱ་ངན་གུས་འདུད་ཞུས་གྲུབ་རྗེས། སྐུ་མགྲོན་གཙོ་བོ་ཚོགས་གཞོན་བསྟན་འཛིན་སྲི་གཅོད་ལགས་ཀྱིས་འགྲན་ཚོགས་དང་འབྲེལ་བའི་གཏམ་བཤད་གནང་སྐབས། རྩེད་འགྲན་འདིའི་བརྗོད་གཞི་དེ་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་རྩེད་འགྲན་ཆགས་ཀྱི་ཡོད་དུས། རྩེད་འགྲན་པ་ཚང་མས་ཐེངས་འདིའི་ལག་རྩེད་སྤོ་ལོའི་འགྲན་སྡུར་འདི་ལྟ་བུ་ཞིག་བྱེད་དགོས་པའི་དམིགས་ཡུལ་དེ་སྙིང་ལ་བཅངས་དགོས་པ་གལ་ཆེན་པོ་རེད། ལྷག་པར་དུ་གཞིས་བཞུགས་བོད་མི་ཚོས་དུས་ད་ལྟ་ཡིན་ནའང་ཛ་དྲག་གི་དཀའ་ངལ་འོག་ཡོད་བསྡད་པ་ཡིན་དུས། ཁོ་རང་ཚོའི་བློས་གཏོང་དང་ལར་ཞེན་དྲན་པའི་ཐོག་ནས་རྩེད་དགོས་པ་གལ་ཆེན་པོ་རེད། ཅེས་བརྗོད་སོང་།

རྩེད་མོ་བ་རྣམས་ཀྱིས་མཇུག་འབྲས་གང་འདྲ་ཡིན་མིན་ལ་མ་ལྟོས་པར་བོད་མི་ནང་ཁུལ་མཐུན་ལམ་ཆིག་སྒྲིལ་ཡོང་བར་འགན་ཡག་པོ་འཁུར་དགོས་སྐོར་ལ་ཁོང་གིས། རྩེད་འགྲན་འདི་བརྒྱུད་དམིགས་ཡུལ་གཉིས་པ་དེ་ང་རང་ཚོའི་གཞོན་སྐྱེས་ནང་ཁུལ་ལ་ངོ་ཤེས་དང་མཐུན་ལམ་གཅིག་སྒྲིལ་སོགས་ཡོང་རྒྱུ་དང་། ང་རང་ཚོ་བོད་མིའི་སྟོབས་ཤུགས་དེ་བོད་ཆོལ་གསུམ་གཅིག་སྒྲིག་དེ་ཆགས་བསྡད་ཡོད་པ་རེད། དེ་ལ་དོ་ཕོག་མི་ཡོང་བའི་ཆེད་གཞོན་སྐྱེས་ཚོས་འགན་འཁུར་དགོས་པ་དང་དེ་ལ་དོ་ཕོག་འགྲོ་བའི་ལས་གཞི་གང་དུ་བརྩམས་ཀྱི་ཡོད་ན་གདོང་ལེན་བྱ་དགོས་པ་དེ་གཞོན་སྐྱེས་ཚོའི་འགྲན་འཁུར་གཙོ་ཤོས་ཤིག་ཆགས་ཀྱི་ཡོད་པ་རེད། གཞན་རྩེད་མོ་རྩེ་བའི་སྐབས་སུ་ཐོབ་ཤོར་ཟེར་བ་དེ་ཆོས་ཉིད་ཆགས་བསྡད་ཡོད་དུས། ང་རང་ཚོ་བོད་མི་ནང་ཁུལ་དང་ལྷག་པར་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཆེད་དུ་ཡིན་བསམ་ནས་ལྷག་བསམ་རྣམ་དག་གིས་མཐའ་མའི་མཇུག་འབྲས་གང་ཡིན་ཀྱང་ཡག་པོ་ཞིག་རྩེ་རོགས་ཞུས་པ་ཡིན། ཞེས་བརྗོད་སོང་།

མཇུག་ཏུ་གསར་འགོད་པས་ས་གནས་གཞོན་ནུའི་དྲུང་ཆེ་སྐལ་བཟང་དོན་གྲུབ་ལགས་སུ་ཐེངས་འདིའི་རྩེད་འགྲན་ཁྲོད་རུ་ཁག་ག་ཚོད་ཞུགས་ཡོད་པ་དང་། ཉིན་ག་ཚོད་རིང་རྩེ་འཆར་ཡོད་སྐོར་དྲིས་པར་ཁོང་གིས། ཐེངས་འདིའི་རྩེད་འགྲན་ནང་དྷ་ས་ཁུལ་དུ་ཡོད་པའི་ཕོའི་རྩེད་འགྲན་རུ་ཁག་ ༡༠ དང་བུ་མོའི་རུ་ཁག་ ༦  ཡོད་པ་དང་། ཐེངས་འདིའི་རྩེད་འགྲན་དེ་རིང་ནས་ཕྱི་ཟླ་ ༩ པའི་ཟླ་མཇུག་བར་དང་། མཐའ་མའི་རྩེད་འགྲན་དེ་ཕྱི་ཟླ་ ༡༠ ཚེས་༧ ཉིན་དེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་པའི་ཉིན་མོ་དང་འཁེལ་ཡོད་སྟབས། ཉིན་དེར་རྩེད་འགྲན་ཁྲོད་མཐའ་མའི་རྒྱལ་ཁ་ཐོབ་མཁན་རུ་ཁག་གཉིས་བར་རྩེ་རྒྱུ་དང་། བུའི་རུ་ཁག་ནང་དུ་ཨང་དང་པོ་དང་གཉིས་པ། བུ་མོའི་རུ་ཁག་ནང་ཨང་དང་པོ་དང་གཉིས་པ་ཡོད་པ་རེད།  ཅེས་བརྗོད་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༩/༢༥

Leave a Reply

One thought on “གཞོན་ནུའི་སིལ་སྤོལ་འགྲན་སྡུར་མགོ་འཛུགས་བྱས།

  1. སིལ་སྤོལ་་་་་་་་་་་་་་་་་་་ལག་རྩེད་སྤོ་ལོ་་་་་་་་་་་་་་་་་ལག་སྤོ་དང་རྐང་སྤོ །
    ང་རང་གི་བསམ་ཚུལ་ལ་ནམ་རྒྱུན་བེད་སྤྱོད་བྱེད་བཞིན་པའི་ཐ་སྙད་ཆུངཆུང་འདི་ལྟ་བུ་ཞིག་ཡིན་ནའངགཅིག་གྱུར་ཞིག་བྱུང་ན་བསམ་ཡོད། ཡིན་ནའང་གསལ་འགོ་པ་ཚོས་འདྲ་མི་འདྲ་བྲིས་ཡོང་གི
    ལག་འབོལ་་་་་་་་་་་་་་་་་རྐང་འབོལ་་་་་་་་་་་་་་་་་་ball འོག་གི་འདི་ངའི་བསམ་ཚུལ་ཙམ་ཡིན།
    basketball football
    ཐ་སྙད་ལས་སླ་བོ་དང་ཁ་ནང་ལ་ལེན་བདེ་བོ་ཡིན་པ་གལ་ཆེ་སྙམ།