བཞུགས་སྒར་དུ་ཞབས་སོར་བདེ་བར་བཀོད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་བཞིའི་ནང་གི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་དེ་རིང་ཕྱིར་བཞུགས་སྒར་དུ་ཞབས་སོར་བདེ་བར་བཀོད་སོང་།

འདས་པའི་ཟླ་ཕྱེད་ཙམ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ཡུ་རོབ་ཀྱི་རྒྱལ་ཁབ་ནེའུ་ཌར་ལན་ཌི་དང་སི་ཝེ་ཌན། འཇར་མན། སུད་སུ་བཅས་ཀྱི་ནང་མཛད་འཕྲིན་རྒྱ་ཆེར་བསྐྱངས་གྲུབ་སྟེ། དེ་རིང་ཉིན་གུང་ཆུ་ཚོད་དང་པོ་མ་ཟིན་ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་གནམ་ཐང་དུ་ཕེབས་བསུར་བཅར་བ་དང་། བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་གི་ཕེབས་བསུའི་ཁྲོད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕོ་བྲང་དུ་ཞབས་སོར་བདེ་བར་བཀོད་སོང་།

སྐུ་སྒེར་དྲ་བའི་མཛད་འཆར་ལྟར་ན། ཕྱི་ཟླ་ ༡༠ ཚེས་ ༣ ནས་ ༦ བར་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་གཙོ་བོར་གྱུར་བའི་སེར་སྐྱ་མི་མང་ལ་བཞུགས་སྒར་དྷ་རམ་ས་ལར་ཉིན་གྲངས་བཞིའི་རིང་ལོ་སྔོན་མར་གནང་བའི་དབུ་མ་འཇུག་པའི་གསུང་ཆོས་མཇུག་སྐྱོང་མཛད་རྒྱུ་དང་། མ་ན་ལི་རུ་ཡོད་པའི་འོན་མངའ་རིས་དགོན་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཕྱི་ཚེས་ ༡༢ དང་ ༡༣ ཉིན་གཉིས་རིང་དགོན་པ་དེར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ། དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མ་བཅས་ཀྱི་གསུང་ཆོས་བཀའ་དྲིན་བསྐྱང་རྒྱུ་དང་། ཕྱི་ཚེས་ ༡༤ ཉིན་ཚེ་དབང་བཀའ་གནང་རྒྱུ་བཅས་ཡིན་འདུག

ཡང་མཛད་འཆར་ལྟར་ན། ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༩ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་གསུང་ཆོས་བཀའ་དྲིན་བསྐྱང་འཆར་ཡོད་འདུག

བསྐྱར་བཅོས།: ༢༠༡༨/༠༩/༢༦

Leave a Reply