རྒྱ་ནག་གིས་ཨ་རིའི་འོས་བསྡུར་ཐེ་གཏོགས་བྱེད་ཀྱི་འདུག་ཟེར།

ཨ་རིའི་སྲིད་འཛིན་ཊོམ་ཕུས་རྒྱ་ནག་གཞུང་གིས་ཨ་རིའི་འོས་བསྡུ་བར་མར་ཐེ་གཏོགས་བྱེད་བཞིན་ཡོད་པའི་བདེན་དཔང་རྣམས་རིམ་གྱིས་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༡༨ ནས་འཆར་ཟླའི་ཕྱི་ཚེས་ ༡༠ བར་དུ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༧༣ པ་ཚོགས་བཞིན་ཡོད་པ་དང་། ཁ་སང་ཚོགས་ཆེན་ཐོག་ཨ་རིའི་སྲིད་འཛིན་ཊོམ་ཕུས་གཏམ་བཤད་གནང་སྐབས་རྒྱ་ནག་གཞུང་གིས་ཨ་རིའི་འོས་བསྡུ་བར་མར་ཐེ་གཏོགས་བྱེད་བཞིན་ཡོད་པ་དང་། ཐེ་གཏོགས་ཀྱི་བདེན་དཔང་རིམ་གྱིས་གསལ་པོ་ཆགས་ཡོང་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད།

ཚོགས་ཆེན་གྱི་ཐོག་སྲིད་འཛིན་ཊོམ་ཕུ་མཆོག་གིས་ང་ཚོས་ཤེས་གསལ་ལྟར་ན། རྒྱ་ནག་གཞུང་གིས་ངས་སྣེ་འཁྲིད་པའི་འཛིན་སྐྱོང་འདི་ལ་ཁ་གཏད་གཅོག་ཆེད་འདི་ལོའི་འོས་བསྡུ་བར་མའི་ནང་ཐེ་གཏོགས་བྱེད་པར་འབད་བརྩོན་བཞིན་ཡོད་པ་རེད། ང་ནི་རྒྱ་ནག་གི་ཚོང་འབྲེལ་ལ་ཁ་གཏད་གཅོག་མཁན་ཨ་རིའི་སྲིད་འཛིན་ཐོག་མ་དེ་ཡིན་སྟབས། ཁོང་ཚོས་ངའམ་ང་ཚོར་ཡང་བསྐྱར་འོས་ཤོག་འཐོབ་ཏུ་འཇུག་འདོད་ཀྱི་ཡོད་པ་མ་རེད། ང་ཚོ་ད་ལྟ་ཨ་རྒྱའི་ཚོང་དམག་ལས་རྒྱལ་བཞིན་ཡོད་པ་མ་ཟད། ཕྱོགས་ཡོངས་ནས་རྒྱ་ནག་ལས་རྒྱལ་བཞིན་པ་རེད། ཅེས་གསུངས་འདུག

ཚོགས་ཐོག་དེར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡས་ཀྱིས་ལན་འདེབས་བྱེད་སྐབས། རྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ཁག་གི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་རྩ་དོན་ཐོག་ཤར་བསྐྱོད་བྱེད་བཞིན་ཡོད་པ་དང་། དེ་ནི་རྒྱ་ནག་གི་ཕྱི་འབྲེལ་སྲིད་བྱུས་ཀྱི་ལམ་སྲོལ་ཞིག་ཡིན། ང་ཚོས་དེ་སྔོན་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་བྱས་མ་མྱོང་བ་དང་མ་འོངས་བར་ཡང་བྱེད་ཀྱི་མེད། ང་ཚོས་རྒྱ་ནག་ལ་ཉེས་མེད་སྐྱོན་འཛུགས་བྱས་པ་དེ་ཚོ་ངོས་ལེན་བྱ་ཐབས་རྩ་བ་ཉིད་ནས་མི་འདུག ཅེས་བརྗོད་འདུག

མིང་མ་བརྗོད་པའི་ཊོམ་ཕུ་སྲིད་གཞུང་གི་ཆེས་མཐོའི་དཔོན་རིགས་ཤིག་གིས། རྒྱ་ནག་གིས་ཆབ་སྲིད་དང་དཔལ་འབྱོར། ཚོང་ལས་དང་དམག་དོན་སོགས་ཀྱི་དབང་ཤུགས་བཀོལ་ཏེ་ཨ་རིའི་མི་མང་གི་བློ་ཁ་བསྒྱུར་ཐབས་དང་དམར་ཕྱོགས་ཀྱི་ལྟ་གྲུབ་སྤེལ་ཐབས་བྱེད་བཞིན་ཡོད་སྐོར་དང་། ཨ་རིའི་སྲིད་འཛིན་གཞོན་པ་མེག་པིན་སི་ (Mike Pence) ལགས་ཀྱིས་བདུན་ཕྲག་རྗེས་མར་རྒྱ་ནག་གིས་ཨ་རིའི་འོས་བསྡུར་ཐེ་གཏོགས་ག་རེ་བྱས་ཡོད་གསལ་བཤད་བྱེད་རྒྱུའི་འཆར་གཞི་ཡོད་སྐོར་བརྗོད་འདུག

ཟླ་སྔོན་མར་ཨ་རིའི་བདེ་སྲུང་ལམ་སྟོན་པ་ཇོན་བྷོལ་ཊོན་ (John Bolton) ལགས་ཀྱིས་བཅར་འདྲི་ཞིག་གི་སྐབས། ཨུ་རུ་སུ་དང་བྱང་ཀོ་རི་ཡ། ཨེ་རན་དང་རྒྱ་ནག་བཅས་ཀྱིས་ནུས་ཤུགས་ལྡན་པའི་ཐོག་ནས་ཨ་རིའི་འོས་བསྡུ་ལ་ཐེ་གཏོགས་བྱེད་འཆར་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། དེ་ནི་ཨ་རིའི་བདེ་སྲུང་ལ་སེམས་འཚབ་སྐྱེས་དགོས་པ་ཞིག་ཆགས་ཡོད་པས་སྔོན་འགོག་ཆེད་གདོང་ལེན་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

ཨ་རིའི་བར་མའི་འོས་བསྡུ་ནི་གཞུང་འཛིན་ཚོགས་པས་འཛིན་སྐྱོང་ནང་ཕྱག་ལས་གནང་ནས་ལོ་གཉིས་སོང་མཚམས་བྱེད་ཀྱི་ཡོད་པ་དང་། ཐེངས་འདིའི་བར་མའི་འོས་བསྡུ་ནི་འདི་ལོའི་ཟླ་ ༡༡ ཚེས་ ༦ ཉིན་ནས་མགོ་འཛུགས་བྱ་རྒྱུ་ཡིན་འདུག བར་མའི་འོས་བསྡུའི་ནང་གྲོས་ཚོགས་འོག་མའི་འཐུས་མི་ ༤༣༥ ཆ་ཚང་བསྐྱར་དུ་འོས་འདེམས་བྱེད་དགོས་པ་དང་། གྲོས་ཚོགས་གོང་མའི་འཐུས་མི་ ༡༠༠ ལས་གསུམ་ཆ་གཅིག་བསྐྱར་དུ་འོས་འདེམས་བྱེད་དགོས་ཀྱི་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༩/༢༧

Leave a Reply

One thought on “རྒྱ་ནག་གིས་ཨ་རིའི་འོས་བསྡུར་ཐེ་གཏོགས་བྱེད་ཀྱི་འདུག་ཟེར།

  1. སྲས་སྐུ་ངོ་།

    དུས་བབ་ཀྱི་རིག་པ་འདོན་པའི་ནང་དུ་བརྙན་ཐུང་ཡར་འཇོག་ཆོག་པའི་མཐུན་རྐྱེན་ཁ་སྣོན་བྱས་ན་ཡག་པོ་འདུག