སྔོན་འགྲོའི་སྐབས་འོས་ཤོག་ཁྱོན་འབོར་གྱི་བརྒྱ་ཆ་ ༦༠ ཡན་ཐོབ་ན་ཐད་ཀར་སྲིད་སྐྱོང་དུ་འདེམས་ཐོན་བྱུང་བ་ཡིན།

བཙན་བྱོལ་བོད་མིའི་ཆོལ་ཁའི་སྒྲིག་འཛུགས་དང་ཆོས་བརྒྱུད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་བཅས་ཀྱིས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞི་འདོན་མི་ཆོག་པ་བཟོས་སོང་།དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པའི་ལས་ཉིན་ ༩ པའི་ཐོག བཙན་བྱོལ་བོད་མིའི་འོས་བསྡུ་དང་འབྲེལ་བའི་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ལ་བཟོ་བཅོས་ཁྲིམས་འཆར་ཁག་གཉིས་ཕེབས་པའི་ནང་། ཆོལ་ཁ་གསུམ་གྱི་སྒྲིག་འཛུགས་དང་ཆོས་བརྒྱུད། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་བཅས་ཀྱིས་སྲིད་སྐྱོང་དང་།  སྤྱི་འཐུས་ཀྱི་འོས་གཞི་འདོན་པ། རྒྱབ་གཉེར་གསལ་བསྒྲགས་རིགས་བྱེད་མི་ཆོག་པ་དང་། དེ་བཞིན་སྲིད་སྐྱོང་འོས་གཞི་གཅིག་ལས་མེད་ཚེ་སྔོན་འགྲོའི་འོས་བསྡུའི་སྐབས་འོས་གྲངས་བརྒྱ་ཆ་ ༦༠ ཡན་ཐོབ་པ་ཡིན་ན་དངོས་གཞིའི་འོས་བསྡུ་བྱེད་མ་དགོས་པར་ཐད་ཀར་སྲིད་སྐྱོང་ལ་འདེམས་ཐོན་བྱུང་ཡོད་པ་གཏན་འབེབ་གནང་སོང་།

བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ཉེར་བཞི་པའི་ནང་གསེས་ ༧ པ་བཟོ་བཅོས་ནང་། ཆོལ་ཁ་གསུམ་གྱི་སྒྲིག་འཛུགས་དང་ཆོས་བརྒྱུད། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་བཅས་ཀྱིས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞི་འདོན་པ་དང་། རྒྱབ་གཉེར་གསལ་བསྒྲགས་རིགས་བྱེད་མི་ཆོག འོན་ཀྱང་། འོས་བསྡུའི་ཁྲིམས་སྲོལ་དང་མཐུན་པའི་ཐོབ་ཐང་ཁག་འགལ་མེད་བེད་སྤྱོད་ཀྱིས་མང་ཚོགས་འདུ་འཛོམས་སར་འོས་གཞི་རང་ཉིད་ནས་ཆབ་སྲིད་ཀྱི་ལྟ་བ་འཁྱེར་སྟངས་དང་། མི་མང་ལ་ལས་དོན་ཁས་ལེན་གྱི་གསལ་བསྒྲགས། ཡིག་ཆ་འགྲེམས་སྤེལ་བྱེད་པ་བཅས་གོང་གསལ་དོན་ཚན་ཁག་གི་བརྗོད་དོན་དང་འབྲེལ་བའི་རིགས་ལ་ཁྲིམས་འགལ་དུ་ངོས་འཛིན་བྱ་མི་རུང་། འོས་བསྡུའི་དུས་ཚེེས་ཀྱི་ཉིན་གྲངས་གཉིས་གོང་ནས་འོས་བསྡུ་མ་ཟིན་བར་གསལ་བསྒྲགས་བྱེད་མཚམས་འཇོག་དགོས། ཞེས་པ་མང་མོས་གཏན་འབེབ་གནང་སོང་།

ཁྲིམས་འཆར་དེ་ལ་དགག་པ་རྒྱག་མཁན་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། སྤྱིར་བཏང་ཁྲིམས་འཆར་འདིའི་དམིགས་ཡུལ་ཐོག་ནས་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་མི་ཡོང་བར་ངོས་འཛིན་བྱེད་ཀྱི་ཡོད་དེ། ཚོགས་པ་ཁག་འོས་བསྡུའི་ནང་མཉམ་ཞུགས་གནང་མི་ཆོག་པ་བཟོས་པ་ཡིན་ན། ང་ཚོའི་གཞི་རྩའི་དམངས་གཙོའི་འགྲོ་སྟངས་ཐོག་ནས་བཅའ་ཁྲིམས་དང་འགལ་བའི་ཉེན་ཁ་ཞིག་མཐོང་གི་འདུག གང་ཡིན་ཟེར་ན། སྤྱིར་བཏང་ང་ཚོའི་ལམ་ལུགས་འདི་སྲིད་དོན་ཚོགས་པ་མེད་པའི་དམངས་གཙོའི་ལམ་ལུགས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད་ཀྱང་། ད་ལྟའི་ཆར་ང་ཚོའི་སྤྱི་ཚོགས་ནང་གཞུང་འབྲེལ་གྱི་ངོས་འཛིན་ཡོད་མེད་ལ་མ་ལྟོས་པར་དཔེར་ན་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་སོགས་སྲིད་དོན་ཚོགས་པར་སོ་སོས་ངོས་འཛིན་བྱས་པའི་ཐོག སྤྱི་ཚོགས་དང་ལྷག་པར་དུ་འོས་བསྡུའི་ནང་མཉམ་ཞུགས་གནང་གི་ཡོད་པ་དང་། བཅའ་ཁྲིམས་གཞིར་བཟུང་ཁོང་ཚོར་དམངས་གཙོའི་འགྲོ་ལུགས་ལྟར་དབང་ཆ་ཡོད་ཀྱང་། གཞུང་འབྲེལ་མ་ཡིན་པ་ལབ་དུས་ས་མཚམས་དེ་དཀའ་ལས་ཁག་པོ་ཞེ་དྲགས་ཆགས་བསྡད་ཡོད་པ་རེད། དེར་བརྟེན། ཐད་ཀར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལབ་དུས་ང་ཚོའི་དམངས་གཙོ་དང་འགལ་གྱི་ཡོད་སྟབས་དགག་བྱ་བཏོན་པ་ཡིན། ཞེས་གསུངས་སོང་།

བཟོ་བཅོས་ཁྲིམས་འཆར་དེ་ལ་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་ཁག་ཅིག་གིས། ཆོལ་ཁ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་མེད་པ་བཟོས་པ་དེས་ཁོ་ཚོའི་དམངས་གཙོའི་ཐོབ་ཐང་འཕྲོག་གི་ཡོད་པར་ངོས་འཛིན་ཞུ་ཡི་མེད་པ་དང་།  དེའི་རྒྱུ་མཚན་ནི་དོན་ཚན་ ༢༤ པའི་ནང་གསེས་གཞན་ཞིག་གི་ནང་། གང་ཟག་སོ་སོས་བགྲོ་གླེང་གོ་སྒྲིག་དང་དེའི་ནང་མཉམ་ཞུགས་སོགས་བྱེད་ཆོག་པའི་ཐོབ་ཐང་ཆ་ཚང་ཡོད་པ་མ་ཟད། གང་ཟག་སོ་སོས་འོས་མི་འདོན་ཆོག་གི་ཡོད་པ་དང་། བྱེད་མི་ཆོག་པ་ནི་འོས་གཞི་འདོན་པ་དང་རྒྱབ་གཉེར་བྱས་ཏེ་མི་འདི་ལ་འོས་བླུགས་དགོས་རེད། མི་འདི་ཡིན་ཟེར་བ་སོགས་བྱེད་མི་ཆོག་པ་ཡིན་སྐོར་དང་།  དེ་བཞིན།  ཆོལ་ཁ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་གིས་སྲིད་སྐྱོང་དང་།  སྤྱི་འཐུས་ཀྱི་འོས་གཞི་འདོན་པ་དང་། རྒྱབ་གཉེར་གསལ་བསྒྲགས་རིགས་བྱེད་མི་ཆོག་པར་བཟོ་དགོས་དོན་ནི། ཕྱི་ལོ་ ༢༠༡༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ཉམས་མྱོང་གཞིར་བཞག་ཐོག་བོད་མི་ནང་ཁུལ་གཅིག་སྒྲིལ་ཡོང་ཆེད་ཡིན་སྐོར་སོགས་གསུངས་སོང་།ཡང་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༦༧ པའི་ནང་གསེས་ ༤ པ་བཟོ་བཅོས་ནང་།  དབུས་འོས་བསྡུ་ལས་ཁང་ནས་སྔོན་འགྲོའི་འོས་གཞིར་སྒྲིག་གསལ་འོས་ཆོས་ཚང་ཡོད་མེད་དང་། དཔྱ་དངུལ་འབུལ་ཆད་ཡོད་མེད་བརྟག་ཞིབ་རྩད་གཅོད། དགོངས་ཞུའི་རིགས་བཅས་གྲུབ་རྗེས་སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གཉིས་ལས་མ་ཉུང་བ་གསལ་བསྒྲགས་བྱེད་དགོས། གལ་སྲིད་འོས་གཞི་གཅིག་ལས་མེད་པ་དང་། དེ་ལ་སྔོན་འགྲོའི་འོས་ཤོག་ཁྱོན་འབོར་གྱི་བརྒྱ་ཆ་ ༥༡ ལས་མི་ཉུང་བའི་རྒྱབ་སྐྱོར་ཐོབ་ཡོད་ཚེ་ཁ་གཏད་མེད་པའི་སྲིད་སྐྱོང་ལ་འདེམས་ཐོན་བྱུང་བར་ངོས་འཛིན་གསལ་བསྒྲགས་བྱ་རྒྱུ། མེད་ཚེ་སྔོན་འགྲོའི་འོས་བསྡུའི་ལས་རིམ་བསྐྱར་དུ་བྱེད་དགོས། འོན་ཀྱང་། སྔོན་འགྲོའི་སྐབས་འོས་མི་གཅིག་ལ་འོས་ཤོག་ཁྱོན་འབོར་གྱི་བརྒྱ་ཆ་ ༦༠ ཡན་ཐོབ་ཡོད་ཚེ་དངོས་གཞིའི་ལས་རིམ་འགྲོ་མི་དགོས་པར་སྲིད་སྐྱོང་ལ་འདེམས་ཐོན་བྱུང་བར་ངོས་འཛིན་གསལ་བསྒྲགས་བྱ་རྒྱུ། ཞེས་པ་མང་མོས་གཏན་འབེབ་གནང་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

 

བསྐྱར་བཅོས།: ༢༠༡༨/༠༩/༢༧

Leave a Reply to གཞུང་པ་ཚེ་དབང་བསོད་ནམས་ Cancel Reply

2 thoughts on “སྔོན་འགྲོའི་སྐབས་འོས་ཤོག་ཁྱོན་འབོར་གྱི་བརྒྱ་ཆ་ ༦༠ ཡན་ཐོབ་ན་ཐད་ཀར་སྲིད་སྐྱོང་དུ་འདེམས་ཐོན་བྱུང་བ་ཡིན།

  1. ༄༅། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་དང་ཆོལ་ཁ་ཆོས་ལུགས་བཅས་ནས་སྲིད་སྐྱོང་གི་འོས་བསྡུའི་
    སྐབས་ཐེ་བྱུས་བྱེད་མི་ཆོག་པ་བཟོས་པ་འགྲིགས་འདུག་
    མིང་ཁུལ་དཀྲུགས་མཁན་གཏེ་བ་དེ་དེ་ཚོ་རེད།

  2. གཞུང་པ་ཚེ་དབང་བསོད་ནམས་

    སྲིད་སྤྱི་གཉིས་ལ་འོས་དམིགས་མེད་པར་མི་མང་ནས་འོས་འཕེན་དགོས་པ་
    དེ་ནི་རོ་མགོ་མེད་ལ་འཕོ་བའི་དཔེ་ལྟར་མ་རེད་དམ་།
    མང་གཙོ་ཡང་དག་པའི་ལམ་ལུགས་ལ་ང་ཚོའི་མིག་བལྟས་ནས་ད་ལྟའི་
    འོས་བསྡུའི་ལས་རིམ་ལ་འགྱུར་བ་འགྲོ་དགོས་པ་ནི་མང་གཙོ་དང་ཁྲིམས་
    ཀྱི་དབང་བསྒྱུར་ཟེར་བའི་གོ་དོན་ངོ་མ་དེ་ཡིན་ན་ང་ཚོར་སྲིད་དོན་ཚོགས་པ་
    མེད་པ་ནས་སྲིད་སྤྱིའི་འོས་དམིགས་འདོན་མཁན་ཚོགས་ཆུང་ཟུར་འཛུགས་
    དགོས་པ་༼་་་་candidate selection committe ༽་་་དང་འོས་དམིགས་
    འདེམས་སྒྲུག་ཚོགས་ཆུང་ནང་བཀའ་ཤག་གི་སྐུ་ཚབ་དང་སྤྱི་འཐུས་ཀྱི་
    སྐུ་ཚབ་དང་ཆོས་ལུགས་དང་ཆོལ་ཁའི་སྐུ་ཚབ་བཅས་ལ་སྒྲུབ་པའི་ཚོགས་
    ཆུང་ནས་སྲིད་སྐྱོང་ལ་འོས་དམིགས་གསུམ་དང་ཆོས་བརྒྱུདསོ་སོར་འོས་དམིགས་
    དྲུག་རེ་དང་ཆོལ་ཁ་སོ་སོར་འོས་དམིགས་སུམ་བཅུ་རེ་དང་ཕྱི་རྒྱལ་ཁག་ལ་སྤྱི་
    འཐུས་རེར་འོས་དམིགས་གསུམ་རེ་བཅས་སྟོན་ནས་འོས་འཕེན་མང་ཚོགས་ནས་
    དངོས་གཞི་འོས་འཕེན་དགོས་པའི་ལམ་ལུགས་གསར་གཏོད་དགོས་པ་ནི་མང་གཙོ་
    དང་ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་གོ་དོན་ངོ་མ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད་།