གྲོང་ཁྱེར་དམར་པོའི་རྒྱལ་གཅེས་པ་ཚོར་མཆོད་འབུལ་སྨོན་ལམ་གནང་།

གྲོང་ཁྱེར་དམར་པོ་ཚོགས་པའི་རྒྱ་རྒོལ་ཁྲོད་ཚེ་སྲོག་ཤོར་བ་དང་བཙོན་ནས་འདས་གྲོངས་སུ་ཕྱིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༡༥༦ གི་མཚན་ཐོ་བསྡུ་རུབ་བྱས་འདུགདེ་རིང་ཉིན་གུང་ཆུ་ཚོད་ ༢ སྟེང་། བཞུགས་སྒར་དྷ་རམ་ས་ལའི་གཙུག་ལག་ཁང་དུ། མགོ་ལོག་དམ་ཆོས་དཔལ་བཟང་ལགས་དང་རྔ་བ་རྨེའུ་རུ་མའི་བདེ་ལེགས་གཉིས་ཀྱི་གོ་སྒྲིག་འོག ཕྱི་ལོ་ ༡༩༦༨ ལོར་མདོ་སྨད་ཕྱོགས་ཀྱི་རྫོང་ཁག་ ༡༤ ནང་བོད་མི་མང་པོས་གྲོང་ཁྱེར་དམར་པོའི་ཚོགས་པ་(ཧོང་ཁྲིན)ཞེས་པ་བཙུགས་ཏེ། རྒྱ་གཞུང་གི་དབང་བསྒྱུར་སྲིད་བྱུས་ལ་འཐབ་རྒོལ་ཤུགས་ཆེན་བྱས་པར་བརྟེན། རྒྱ་གཞུང་གིས་དྲག་ཆས་དམག་དཔུང་བཏང་སྟེ་བོད་མི་མང་པོ་དམར་གསོད་དང་འཛིན་བཟུང་། རྔ་བ་རྨེའུ་རུ་མའི་གསེར་ཏེ་ཞེས་པ་ནས་ཉིན་གཅིག་རིང་བོད་མི་༧༡ དམར་གསོད་བཏང་སྟེ་ད་ལོར་ལོ་ངོ་ ༥༠ ཕྱིན་པར་བརྟེན། སྐབས་དེའི་ཡར་ལངས་འཐབ་རྒོལ་ནང་ཚེ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་རྗེས་དྲན་མཆོད་འབུལ་སྨོན་ལམ་ཞིག་ཚོགས་གནང་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་རྣམས་ལ་ཐུགས་སྨོན་གནང་བའི་གསོལ་བདེབས་སྔོན་འབུལ་ཞུས་ཟིན་ཡོད་པ་དང་། དེ་རིང་གཙུག་ལག་ཁང་དུ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་གི་དབུས་རྣམ་རྒྱལ་གྲྭ་ཚང་དང་ཀིརྟི་གྲྭ་ཚང་། དྷ་ས་ཁུལ་གྱི་མི་མང་སོགས་ཁྱོན་མི་གྲངས་ ༤༠༠ ལྷག་འཛོམས་འདུག

ཐེངས་འདིའི་མཆོད་འབུལ་སྨོན་ལམ་གོ་སྒྲིག་གནང་མཁན་མགོ་ལོག་དམ་ཆོས་དཔལ་བཟང་ལགས་སུ་གྲོང་ཁྱེར་དམར་པོ་ཞེས་པའི་ཚོགས་པ་དེ་ག་འདྲ་བྱུང་བ་དང་།  སྐབས་དེར་རྣམ་པ་ག་འདྲ་ཞིག་གི་ཐོག་ནས་ངོ་རྒོལ་གནང་ཡོད་སོགས་སྤྱི་ཡོངས་ནས་ངོ་སྤྲོད་ཅིག་གནང་རོགས་ཞུས་པར་ཁོང་གིས།  གྲོང་ཁྱེར་དམར་པོ་ཞེས་པའི་ཚོགས་པ་དེ་ནི་ཕྱི་ལོ་ ༡༩༦༧ ལོར་རྒྱ་ནག་གི་རིག་གནས་གསར་བརྗེ་སྐབས་ཁྲིན་ཏུའི་དམག་ཁུངས་ནས་བྱུང་བའི་ཚོགས་པ་ཞིག་གི་མིང་རེད། རྗེས་སུ་བསམ་ཚ་བཀྲ་ཤིས་ཞེས་པ་ཞིག་གིས་ཁྲིན་ཏུའུ་དམག་སྡེ་ཞིག་ལ་ཡར་ཞུ་བྱས་ཏེ་མི་ ༥༠༠ ལྷག་ཡོད་པའི་ཚོགས་པ་ཞིག་འཛུགས་ཆོག་པའི་ཆོག་མཆན་ཞུས་ཏེ། མིང་དེ་ཁུར་ཡོང་བ་ཞིག་ཡིན་ན་ཡང་ད་ལྟ་ཚོགས་པ་དེའི་མིང་ལ་རྒྱ་ཡིག་ཐད་བསྒྱུར་གྱིས་གྲོང་ཁྱེར་དམར་པོའི་ཚོགས་པ་འབོད་ཀྱི་ཡོད་ན་ཡང་། ཡིན་པ་ཁྲིན་ཏུའུ་དམར་སྲུང་དམག་གི་ཚོགས་སྡེ་ཞིག་ཆགས་ཀྱི་ཡོད་པ་རེད།  སྤྱིར་ཚོགས་པ་དེ་རིག་གནས་གསར་བརྗེ་སྐབས་བྱུང་བའི་ཚོགས་པ་ཞིག་ཆགས་ཀྱི་ཡོད་པ་རེད། ཡིན་ན་ཡང་རྗེས་སུ་རིག་གནས་གསར་བརྗེའི་ནང་དཀའ་སྡུག་མང་པོ་མྱངས་བའི་མི་རྣམས་ཀྱིས་ཚོགས་པ་དེའི་ངོ་བོ་བསྒྱུར་ནས་ཕྱིར་རྒྱ་ནག་ལ་འཐབ་རྒོལ་བྱས་ཏེ་བྱུང་བ་རེད།  ཅེས་བརྗོད་བྱུང་།

ཡང་དེ་རིང་མཆོད་འབུལ་སྨོན་ལམ་ཚོགས་དགོས་དོན་སྐོར་ལ་ཁོང་གིས། ཕྱི་ལོ་ ༡༩༦༨ ཟླ་ ༩ ཚེས ༢༩ ཉིན་རྔ་བའི་གསེར་ཏེ་ནས་ཚོགས་པ་དེས་རྒྱ་ནག་ལ་ངོ་རྒོལ་གྱིས་ཉིན་གཅིག་ལ་བོད་མི་ ༧༡ རྐྱེན་འདས་སུ་སོང་ནས་ལོ་ངོ ༥༠ འགྲོ་བཞིན་ཡོད་པ་དང་བསྟུན་ནས་མཆོད་འབུལ་སྨོན་ལམ་འདི་བྱས་པ་ཡིན། ད་ལྟ་བཙན་བྱོལ་ནང་སྐབས་དེའི་ལས་འགུལ་ཁྲོད་དངོས་སུ་ཞུགས་མཁན་ང་དང་རྔ་བའི་བདེ་ལེགས་ངེད་གཉིས་མ་གཏོགས་མེད་པ་དང་། ལས་འགུལ་སྐབས་དམར་གསོད་བཏང་བ་དངོས་སུ་མཐོང་མཁན་རེ་གཉིས་ཡོད་ན་ཡང་སྐབས་དེར་ཧ་ཅང་ཆུང་ཆུང་རེད། དེ་བས་བཙན་བྱོལ་ནང་ངོ་རྒོལ་ལས་འགུལ་དེ་བཤད་ན་ཤེས་མཁན་ཧ་ཅང་ཉུང་ཉུང་རེད་ལ། མི་རབས་གསར་པ་ཚོའི་ནང་དུ་ཤེས་མཁན་ཕལ་ཆེར་མེད་པ་རེད། སྐབས་དེར་བོད་ཀྱི་བླ་ཆེན་མི་ཆེན་མང་པོ་ཞིག་བསད་ཡོད་པ་རེད་ལ། ཡར་ལངས་ངོ་རྒོལ་དེའི་ཆེད་ད་ལྟ་བར་མི་སྒེར་བ་ཞིག་གིས་ཐུབ་ཡོད་ན་མ་གཏོགས་མཉམ་རུབ་ཀྱི་གཞི་རྒྱ་ཆེ་བའི་མཆོད་འབུལ་སྨོན་ལམ་གང་ཡང་ཐུབ་མེད་པས་བདེ་ལེགས་ངེད་གཉིས་ཀྱིས་འགན་བླངས་ནས་མཆོད་འབུལ་སྨོན་ལམ་འདི་བྱས་པ་ཡིན་ལ། འཆར་ཟླའི་ཕྱི་ཚེས་ ༡༠ ཉིན་ལས་འགུལ་དེའི་སྐོར་ལ་བགྲོ་གླེང་ཞིག་ཀྱང་བྱ་འཆར་ཡོད། ཅེས་བརྗོད་བྱུང་།

ཨ་ཁུ་དམ་ཆོས་དཔལ་བཟང་ལགས་ནི་མགོ་ལོག་གཅིག་སྒྲིལ་ནས་ཡིན་པ་དང་བདེ་ལེགས་ལགས་རྔ་བའི་གསེར་ཏེ་འབྲོག་ནས་ཡིན་པ་དང་། ཚོགས་པ་དེས་རྒྱ་གཞུང་ལ་འཐབ་རྒོལ་བྱས་སྐབས་ཨ་ཁུ་དམ་ཆོས་ལགས་ལོ་ན་ ༢༠ དང་བདེ་ལེགས་ལགས་ལོ་ ༡༩ ཡིན་འདུག ཁོང་གཉིས་ཀྱིས་བརྗོད་པ་ལྟར་ན།  སྐབས་དེར་ངོ་རྒོལ་བྱེད་དུས་མི་མང་གིས་རྟ་ཞོན་ནས་ས་ཆ་གཅིག་ལ་དུས་གཅིག་ཏུ་འཛོམས་ཡོད་པ་དང་། ལོ་རྒྱུས་ཡིག་ཆ་ཁ་ཤས་ལྟར་ན་སྐབས་དེར་ངོ་རྒོལ་བྱེད་མཁན་ནང་མི་གྲངས་ཁྲི་ ༡ ལྷག་འཛོམས་ཡོད་སྐོར་བཤད་ཡོད་པ་དང་། ལོ་གཅིག་ལྷག་ལ་རྒྱ་གཞུང་གིས་གང་ཡང་བྱེད་མ་ཐུབ་པར་ལྷག་ཡོད་ན་ཡང་རྗེས་སུ་ལས་འགུལ་གཞི་རྒྱ་ཆེ་རུ་ཕྱིན་པ་དང་རྒྱ་ནག་གིས་དྲག་དམག་གཏོང་དགོས་པའི་བཀའ་བཏང་བ་ལྟར། དམག་དཔུང་གིས་བསྐོར་ནས་འཛིན་བཟུང་དམར་གསོད་བཏང་ཡོད་པ་དང་། སྐབས་དེར་རྒྱ་དམག་གིས་བསད་སོང་བ་དང་བཙོན་ཁང་ནས་ཤི་སོང་བ་སོགས་མི་གྲངས་ ༡༥༦ མཚན་ཐོ་བསྡུ་རུབ་བྱས་ཡོད་འདུག

གསར་འགོད་པ།  སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༠/༠༢

Leave a Reply

2 thoughts on “གྲོང་ཁྱེར་དམར་པོའི་རྒྱལ་གཅེས་པ་ཚོར་མཆོད་འབུལ་སྨོན་ལམ་གནང་།

  1. གཞུང་པ་ཚེ་དབང་བསོད་ནམས་

    ཁ་མདོག་དཀར་དམར་ལ་འགན་ཁུར་དགོས་པ་རེད་དམ་སྤྱི་ཚོགས་
    ཆབ་སྲིད་ལ་འགན་ཁུར་དགོས་པ་རེད་གསལ་པོ་ཤེས་མ་སོང་།

  2. མགོ་ལོག་དམ་ཆོས་དཔལ་བཟང་གིས་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཞིག་བརྩམས་ཡོད་པ་གོ་ཐོས་བྱུང་སོང་། དེབ་ཐེར་དེ་དེང་སྐབས་གང་ནས་ཉོ་ཐུབ་བམ། རིག་གནས་གསར་བརྗེ་གླེང་ན་ཆོག་མོད། རིག་གནས་གསར་བརྗེ་ལ་རྗེས་དྲན་ཞུ་མཁན་ཁྱེད་ཉིད་གཅིག་པོ་ཡིན་བསམ་སོང་། བརྫུན་བཟོ་བརྫུན་སྒྲིག་མ་བྱེད་རོགས།