ས་ཡོམ་ཆུ་ལོག་གི་གནོད་སྐྱོན་ཚབས་ཆེན་བྱུང་།

ཨིན་རྡུ་ནི་ཞི་ཡའི་ནང་སྔ་གཞུག་ཏུ་ས་ཡོམ་དང་ཆུ་ལོག་བྱུང་སྟེ་ཉུང་མཐར་མི་གྲངས་ ༨༣༢ ལྷག་རྐྱེན་འདས་དང་མི་ས་ཡ་གཅིག་ལྷག་གི་འཚོ་གནས་ལ་གནོད་སྐྱོན་ཐེབས་ཡོད་འདུགདེ་རིང་ཨིན་རྡུ་ནི་ཞ་ཡའི་སྲིད་འཛིན་ཇོ་ཁོ་ཝི་ཌོ་ཌོ་(Joko Widodo)ལགས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། ཉིན་ཤས་སྔོན་ཡུལ་དེའི་སོ་ལ་ཝི་སི་གླིང་ཕྲན་((Sulawesi)དུ་ཚད་རིམ་༧།༥ ཅན་གྱི་ས་ཡོམ་དང་ཆུ་ལོག་གནོད་སྐྱོན་ཁྲོད། ཉུང་མཐར་མི་གྲངས་ ༨༣༢ ལྷག་རྐྱེན་འདས་སུ་ཕྱིན་པ་སོགས་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་སྟབས། ཨིན་རྡུ་ནི་ཞི་ཡ་གཞུང་གིས་རྒྱལ་སྤྱིའི་ངལ་སེལ་རོགས་སྐྱོར་ལེན་རྒྱུ་ཡིན་སྐོར་བསྒྲགས་འདུག་ལ། དེ་ནས་བཟུང་ནད་ཡམས་རིགས་སྔོན་འགོག་ཆེད་འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་ཕུང་པོ་མེར་སྲེག་གཏོང་བཞིན་ཡོད་འདུག ད་ལྟའང་མྱུར་སྐྱོབ་བྱེད་བཞིན་པ་ཡིན་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་ནས་ཨིན་རྡུ་ནི་ཞི་ཡ་གཞུང་ནས་ནད་ཡམས་རིགས་སྔོན་འགོག་ཆེད་རྐྱེན་འདས་སུ་ཕྱིན་པའི་ཕུང་པོ་རྣམས་མེར་སྲེག་གཏོང་གི་ཡོད་པ་དང་། ཐེངས་འདིའི་ས་ཡོམ་དང་ཆུ་ལོག་གི་གནོད་སྐྱོན་ཁྲོད་ཡུལ་དེའི་མཚོ་ཁུལ་གྲོང་ཁྱེར་པ་ལོ་(Palu)དང་ཌོན་གྷ་ལ་(Donggala)་གཙོས་གྲོང་ཁྱེར་ཁག་ཅིག་ལ་གནོད་སྐྱོན་ཐེབས་ཏེ། ཁྱོན་མི་གྲངས་ས་ཡ་ ༡།༦ ལྷག་གི་འཚོ་གནས་གནོད་པ་བཟོས་ཡོད་འདུག

རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་རོགས་སྐྱོར་ཚོགས་པའི་འགན་འཛིན་ཇན་གྷི་ཧྥི་ལན་ཌི་(Jan Gelfland)ལགས་ཀྱིས། ཨིན་རྡུ་ནི་ཞི་ཡའི་གོད་ཆག་ཁྲོད་གནོད་འཚེ་ཚབས་ཆེ་ཤོས་ཕོག་ཡུལ་སོ་ལ་ཝི་སི་གླིང་ཕྲན་གྱི་དབུས་རྒྱལ་ས་པ་ལོ་ཡིན་ཡང་མྱུར་སྐྱོབ་བྱེད་པར་དཀའ་ལས་ཆེ་བ་མ་ཟད།  ས་ཁུལ་དེའི་མི་རྣམས་ལ་ཁ་ལག་དང་ཆུ་སོགས་ཧ་ཅང་དཀོན་པོ་ཡིན་སྐོར་བརྗོད་ཡོད་འདུག

ཨིན་རྡུ་ནི་ཞི་ཡའི་རྒྱལ་ཡོངས་མྱུར་སྐྱོབ་ཚན་པའི་མགྲིན་ཚབ་པ་སོ་ཊོ་པོ་པོར་ཝོ་ཞེས་པ་ཞིག་གིས། ང་ཚོས་ས་ཡོམ་བྱུང་རྗེས་ཆུ་ལོག་རྒྱུག་སྲིད་པའི་ཉེན་བརྡ་བཏང་ཡོད་ནའང་། ས་ཡོམ་གྱི་གནོད་སྐྱོན་འོག་ས་ཆ་མང་པོར་འབྲེལ་མཐུད་བྱེད་ཐུབ་མ་སོང་ལ། ད་ལྟའང་ས་ཆ་རེ་ཟུང་མ་གཏོགས་འབྲེལ་མཐུད་བྱེད་ཐུབ་ཀྱི་མི་འདུག  ས་ཡོམ་དང་ཆུ་ལོག་གིས་ཁང་པ་མང་པོ་བཤིག་ཡོད་སྟབས། མྱུར་སྐྱོབ་བྱེད་པར་འཕྲུལ་ཆས་ཀྱིས་ཀྱང་འདང་གི་མི་འདུག  ཅེས་བརྗོད་འདུག

བརྒྱུད་ལམ་ཁག་གི་གནས་ཚུལ་ནང་།  ད་རེས་ཨིན་རྡུ་ནི་ཞི་ཡའི་རང་བྱུང་གོ་ཆག་ཁྲོད་མི་མང་པོ་ཞིག་རྐྱེན་འདས་སུ་འགྲོ་དོན་ནི། ས་ཡོམ་གྱི་ཤུགས་ཚད་ཆེ་བའི་ཁར་གཞུག་ཏུ་ཆུ་ལོག་རྒྱུགས་ཡོད་པ་དང་། ཆུ་ལོག་དང་ས་ཡོམ་གྱི་གནོད་སྐྱོན་འོག་མཁའ་ལམ་དང་མཚོ་ལམ། འགྲོ་ལམ། དེ་བཞིན། ཁ་པར་འབྲེལ་མཐུད་སོགས་ཕྱོགས་ཡོངས་ཀྱི་འབྲེལ་ལམ་ལ་གནོད་སྐྱོན་ཐེབས་ཏེ། དུས་ཐོག་ཏུ་མྱུར་སྐྱོབ་བྱེད་ཐུབ་ཀྱི་མེད་པ་དང་། ད་དུང་མི་མང་པོ་ཞིག་ཁང་པ་དང་ཚོང་ཁང་ཆེན་པོ་སོགས་ཀྱི་གྱང་རོའི་འོག་མནན་ནས་ལྷག་ཡོད་སྐོར་བརྗོད་ཀྱི་འདུག

ཨིན་རྡུ་ནི་ཞི་ཡའི་ནང་འདི་ལོར་ཁྱོན་ས་ཡོམ་ཆེ་ཆུང་ ༨ བྱུང་ཡོད་ཅིང་། ཕྱི་ཟླ་ ༨ པའི་ནང་ས་ཡོམ་ཐེངས་ ༤ བྱུང་ནས་མི་གྲངས་ ༥༣༥ རྐྱེན་འདས་དང་མི་ ༡༤༠༤ ལ་རྨས་སྐྱོན་ཕོག་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༡༠/༠༡

Leave a Reply to གཞུང་པ་ཚེ་དབང་བསོད་ནམས་ Cancel Reply

2 thoughts on “ས་ཡོམ་ཆུ་ལོག་གི་གནོད་སྐྱོན་ཚབས་ཆེན་བྱུང་།

  1. གཞུང་པ་ཚེ་དབང་བསོད་ནམས་

    འབྱུང་བའི་གནོད་འཚེའི་འོག་ཚེ་སྲོག་ཤོར་བའི་མི་མང་ཚོར་གདུང་སེམས་
    མཉམ་སྐྱེད་ཆེད་ནང་པ་ཞིག་ཡིན་པའི་ཆ་ནས་མ་ཎི་ཕྲེང་འཁོར་གཅིག་གནས་ཚུལ་
    དེ་གོ་བ་དང་གྲངས་བསོག་ཞུས་ཡོད་འགྲོ་ཀུན་བདེ་བའི་སྨོན་ལམ་བཅས་གཞུང་
    པས་ཕྱི་༢༠༡༨ཕྱི་ཟླ་༡༠་ཚེས་༡ དགེ་བའི་ཉིན་སུག་བྲིས་སུ་བཏབ་།