བཙན་གཡེམ་གྱིས་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ལ་ཉེས་པ་བཏང་།

འདི་ལོའི་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཕྱིར་འགྱངས་བཏང་བའི་གནད་དོན་དང་འབྲེལ་བ་ཡོད་པའི་ཇན་ཁུ་ལོ་ཊེ་ཨར་ནུལ་ཁྲི་ (Jean-Cluade Arnault) ཡི་བཙན་གཡེམ་ནག་ཉེས་ར་འཕྲོད་བྱུང་ཡོད་འདུག

སི་ཝེ་ཌན་གྱི་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཚོགས་པའི་རོགས་དངུལ་ཐོབ་མཁན་ཨར་ནུལ་ཁྲི་ཡིས་ཕྱི་ལོ་ ༢༠༡༡ ཟླ་ ༡༠ པའི་ནང་བུད་མེད་ཅིག་ལ་བཙན་གཡེམ་བྱས་པའི་དོགས་གཞིའི་ཐད་ཡུལ་དེའི་སི་ཊོ་ཧོམ་རྫོང་ཁྲིམས་ཁང་ (Stockholm District Court) གིས་ཉིན་གྲངས་ ༣ ཁྲིམས་བཤེར་བྱས་པ་བརྒྱུད། དེ་རིང་ནག་ཉེས་ར་འཕྲོད་བྱུང་སྟེ་ལོ་གཉིས་བཙོན་འཇུག་ཁྲིམས་ཐག་བཅད་པ་ཡོངས་བསྒྲགས་བྱས་ཡོད་འདུག

ཨར་ནུལ་ཁྲི་ཡི་ཁྲིམས་རྩོད་པ་བྷི་ཇོན་ཧོར་ཊིག་(Bjorn Hurtig) གིས། ཨར་ནུལ་ཁྲི་ལ་ནག་ཉེས་གང་ཡང་མེད་པས་བསྐྱར་དུ་ཁྲིམས་གཏུག་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༡༡ ནང་ཡུལ་དེའི་ (Dagens Nyheter) གསར་ཁང་གིས། བུད་མེད་ ༡༨ ཀྱིས་ཨར་ནུལ་ཁྲི་ཡིས་ཆགས་སྤྱོད་བཙན་གཡེམ་བྱས་པའི་ནག་ཉེས་ཞུ་གཏུག་བྱས་ཡོད་འདུག

ནག་ཉེས་ཞུ་གཏུག་བྱེད་མཁན་བུད་མེད་ཅིག་གི་ཁྲིམས་རྩོད་པ་ (Elisabeth Massi Fritz) ཞེས་པ་ཞིག་གིས། ཁོ་ལ་ཁྲིམས་ཐག་བཅད་པ་དེ་བུད་མེད་དེར་མཚོན་ན་སེམས་གསོ་ཞིག་དང་དྲང་བདེན་ལ་རྒྱལ་ཁ་ཐོབ་པ་ཞིག་ཡིན་ལ། སྤྱི་ཚོགས་ནང་ཁུ་སིམ་མེར་ལྷག་ཡོད་པའི་བཙན་གཡེམ་དང་འཁྲིག་སྤྱོད་ནག་ཉེས་རིགས་ཐེར་འདོན་བྱེད་དགོས་སྐོར་བརྗོད་འདུག

རང་ལོ་ ༧༢ ཡིན་པའི་ཨར་ནུལ་ཁྲི་ནི་སི་ཝེ་ཌན་གྱི་རྒྱལ་སར་ཡོད་པའི་རིག་གཞུང་འདུ་ཁང་ (Cultural Club) ཞེས་པའི་སྒེར་བདག་ཚོགས་པ་ཞིག་གི་སྦྱིན་བདག་ཡིན་པ་དང་། ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཚོགས་པས་རིག་གཞུང་འདུ་ཁང་དེའི་རྩོམ་རིག་དང་འབྲེལ་བའི་དཔེ་ཀློག་དང་རྩོམ་འབྲི། ཞབས་བྲོ་དང་གླུ་གཞས་སོགས་ཀྱི་གཞི་རྒྱ་ཆེ་བའི་ལས་གཞིར་རོགས་དངུལ་འབོར་ཆེན་གནང་གི་ཡོད་ཀྱང་། ཕྱི་ལོ་ ༢༠༡༧ ཟླ་ ༡༡ པའི་ནང་སྦྱིན་བདག་ཨར་ནུལ་ཁྲི་ཡིས་ཆགས་སྤྱོད་དང་འབྲེལ་བའི་བྱས་ཉེས་རྣམས་ང་ཡང་ (#Metoo) ཞེས་པའི་ལས་འགུལ་ཁྲོད་ལྷང་ལ་བུད་པ་ནས་བཟུང་རོགས་དངུལ་སྤྲོད་མཚམས་བཞག་ཡོད་པ་རེད།

ཨར་ནུལ་ཁྲི་ཡི་བཟའ་ཟླ་ཁཱ་ཊཱ་རི་ན་ཧྥི་རོ་སི་ཊན་སོན་ (Katarina Frostenson) ནི་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཀྱི་རྒྱུན་ལས་མི་ ༡༨ ཀྱི་ནང་ནས་གཅིག་ཡིན་པ་དང་། ཨར་ནུལ་ཁྲི་ཡིས་བུད་མེད་མང་པོར་བཙན་གཡེམ་བྱས་པའི་རྙོག་གླེང་བྱུང་བ་དང་། ལྷག་པར་དུ་ནོ་བྷེལ་རྩོམ་རིག་ལྷན་ཚོགས་ཀྱི་རྒྱུན་ལས་བུད་མེད་ཅིག་ལ་བཙན་གཡེམ་གྱི་རྙོག་དྲ་བྱུང་པར་བརྟེན། འདི་ལོའི་ཕྱི་ཟླ་ ༤ ནང་ཁོས་རིག་གཞུང་འདུ་ཁང་གི་འགན་འཛིན་ནས་དགོངས་པ་ཞུས་ཡོད་པ་དང་། ཁོའི་བཟའ་ཟླས་ཀྱང་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཚོགས་པའི་རྒྱུན་ལས་ནས་དགོངས་པ་ཞུ་དགོས་བྱུང་ཡོད་འདུག

ཨར་ནུལ་ཁྲི་ཡི་གནད་དོན་དང་འབྲེལ་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ནང་སྙན་གྲགས་ཆེ་བའི་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ལྷན་ཚོགས་ཀྱི་རྒྱུན་ལས་དང་། ཚོགས་པ་དེའི་རོགས་དངུལ་ཐོབ་མཁན་ནང་དུའང་བཙན་གཡེམ་གནད་དོན་བྱུང་གི་ཡོད་སྐོར་གླེང་སློང་ཤུགས་ཆེན་བྱུང་བར་བརྟེན། ད་ལོའི་ནོ་བྷེལ་རྩོམ་རིག་གཟེངས་རྟགས་དེ་ལོ་རྗེས་མར་ཕྱིར་འགྱངས་ཐག་གཅོད་གནང་ཡོད་སྟབས། ལོ་རྗེས་མའི་ནང་ནོ་བྷེལ་རྩོམ་ཡིག་གཟེངས་རྟགས་གཉིས་སྤྲོད་སྲིད་པའི་ཚོད་དཔག་བྱེད་ཀྱི་འདུག

འདི་ལོའི་ཕྱི་ཟླ་ ༥ ནང་ནོ་བྷེལ་ཐེབས་རྩའི་འགན་འཛིན་ཧེ་ཀིན་སི་ཐིན (Heikensten) ལགས་ཀྱིས་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ལ་མི་མང་གིས་ཡིད་ཆེས་ཐོབ་དགོས་པས། གལ་སྲིད་ལོ་རྗེས་མར་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ལ་ཡིད་ཆེས་རྙེད་ཐབས་བྲལ་ཚེ་ལོ་རྗེས་མའི་རྩོམ་རིག་གཟེངས་རྟགས་ཀྱང་མེད་པ་ཆགས་སྲིད་སྐོར་བརྗོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༡༠/༠༡

Leave a Reply

One thought on “བཙན་གཡེམ་གྱིས་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ལ་ཉེས་པ་བཏང་།

  1. @༄༅། ཡག་དང་སྡུག་ཚང་ ། དགའ་དང་སྐྱིད་ཡོད་དོ་ཅོག་་་མཇེ་སྟུ་གཉིས་ལ་ཐུག་འདུག་
    ཁོང་གཉིས་མེད་ན་མི་འགྲིགས། ཆོས་དང་སྲིད་ཀྱི་་རྙོག་ཁྲ་ཚང་མ་ཁོང་གཉིས་ལ་ཐུག་ཡོད་པ་རེད།