དྲུང་ཆེ་གསར་པ་བཞི་བསྐོ་བཞག་བྱུང་།

ཟླ་འདིའི་ཕྱི་ཚེས་ ༡ ཉིན་བཀའ་དྲུང་ཡིག་ཚང་ནས་བཀོད་ཁྱབ་ཕེབས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་སྐྱེས་པ་གཉིས་དང་བུད་མེད་གཉིས་དྲུང་ཆེའི་གནས་རིམ་དུ་སྤར་གནང་འདུག

བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་དང་། ཕྱི་དྲིལ་དྲུང་འཕར་ཚེ་རིང་དབྱངས་སྐྱིད་ལགས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་ཆེ། འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་འཕར་ཡེ་ཤེས་དབང་མོ་ལགས་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་དྲུང་ཚབ་ལྷུན་གྲུབ་སྒང་བཀྲ་ཤིས་སྟོབས་རྒྱལ་ལགས་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་དྲུང་ཆེ་བཅས་སུ་བསྐོ་གཞག་གནང་འདུག་ལ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་དཔལ་འབྱོར་ལས་ཁུངས་གཉིས་ལ་བུད་མེད་དྲུང་ཆེ་བསྐོ་བཞག་བྱུང་བ་ཐོག་མ་དེ་ཡིན་འདུག

དཔེ་ཟུར་དབང་འདུས་ཚེ་རིང་ལགས་ནི་ཕྱི་ལོ་༡༩༥༩ ཟླ་ ༠༧ ཚེས་ ༠༡ ཉིན་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་སྐྱེས་ཤིང་།  སྦེལ་ཀོབ་གཏན་སློབ་ཐོན་རྗེས་ཝ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་ཤཱསྟྲི་ཐོན། ཕྱི་ལོ་ ༡༩༨༣ ལོར་གནས་རིམ་དགུ་པའི་ཐོག་དཔལ་འབྱོར་འདུ་འགོད་ཁང་གི་ཚོད་ལྟའི་གཞོན་དྲུང་དང་། ཕྱི་ལོ་ ༡༩༨༤ ལོར་ལས་བྱེད་ངོ་མར་བསྐོས།  ༡༩༨༤ ལོར་སྦེལ་ཀོབ་ཕྱུགས་བཟོའི་དངུལ་གཉེར་དུ་གནས་སྤོས།  ཕྱི་ལོ་ ༡༩༨༨ ལོར་འབུམ་ལ་བསྟན་སྒང་ལས་དྲུང་དང་། ཕྱི་ལོ་ ༡༩༩༣ ལོར་སྡེ་འགན་དུ་གནས་སྤོ་གནང་སྟེ་འབུམ་ལ་དང་བསྟན་སྒང་གཞིས་མགོ་གཅིག་ལྕོགས་གནང་། ཕྱི་ལོ་ ༡༩༩༦ ཟླ་ ༣ ཚེས་ ༢༡ ཉིན་ཧུན་སུར་རབ་རྒྱས་གླིང་ས་གནས་མགོ་འཛིན་དང་། ཕྱི་ལོ་ ༡༩༩༦ ཟླ་ ༧ ཚེས་ ༢ ཉིན་དྲུང་ལས་སུ་གནས་རིམ་སྤར་བ་དང་། ཕྱི་ལོ་ ༡༩༩༦ ཟླ་ ༧ ཚེས་ ༢༥ ཉིན་འབུམ་ལ་དང་བསྟན་སྒང་གཞིས་མགོ་གཅིག་ལྕོགས་སུ་བསྐོས།

ཕྱི་ལོ་ ༡༩༩༧ ལོར་སྤོན་ཊ་ཆོལ་གསུམ་ས་གནས་མགོ་འཛིན་དང་། ཕྱི་ལོ་ ༡༩༩༨ ལོར་མན་སྤར་ས་གནས་མགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༡༩༩༩ ལོར་དྲུང་གཞོན་དུ་གནས་རིམ་སྤར། ཕྱི་ལོ་ ༢༠༠༣ ཀོ་ལི་གྷལ་ས་གནས་མགོ་འཛིན་དང་། ཕྱི་ལོ་ ༢༠༠༥ ལོར་ཟུང་དྲུང་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༠༩ ལོར་དཔལ་འབྱོར་ལས་ཁུངས་སུ་གནས་སྤོས་དང་། ཕྱི་ལོ་ ༢༠༡༣ ལོར་དྲུང་འཕར་གནས་རིམ་དུ་སྤར། ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡ ཉིན་ནས་བོད་ཀྱི་ཟློས་གར་འགན་འཛིན་དུ་གནས་སྤོས་གནང་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༡ ཉིན་ནས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེའི་ལས་འཁུར་ཞུ་རྒྱུ་ཡིན་པ་རེད།

ཚེ་རིང་དབྱངས་སྐྱིད་ལགས་ནི་ཕྱི་ལོ་ ༡༩༧༡ ཟླ་ ༦ ཚེས་ ༡༥   ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་སྐྱེས་ཤིང་།  མོན་གྷོ་གཏན་སློབ་ཐོན་རྗེས་རྒྱ་གར་སྦེང་ལོར་མཐོ་སློབ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན།

ཕྱི་ལོ་ ༡༩༩༥ ཟླ་ ༩ ཚེས་ ༡༢ ཉིན་ཆོས་རིག་ལས་ཁུངས་ཀྱི་དྲུང་ལས་སུ་ཚོད་ལྟའི་ལས་བྱེད་དུ་བསྐོ་གཞག་གནང་བ་དང་། ཕྱི་ལོ་ ༡༩༩༦ ལོར་ཆོས་རིག་ལས་ཁུངས་ཀྱི་ལས་བྱེད་ངོ་མར་བསྐོས། ཕྱི་ལོ་ ༡༩༩༩ ལོར་ཆོས་རིག་ལས་ཁུངས་ཀྱི་དྲུང་གཞོན་དུ་གནས་རིམ་སྤར། ཕྱི་ལོ་ ༢༠༠༥ ལོར་ཆོས་རིག་ལས་ཁུངས་ཀྱི་ཟུང་དྲུང་དུ་གནས་རིམ་སྤར། ཕྱི་ལོ་ ༢༠༠༧ ལོར་ཨ་རིར་གཞུང་འབྲེལ་མིན་པའི་སློབ་བསྐྱོད་དང་།  དེའི་རྗེས་ ༢༠༠༨ ལོར་ཕྱིར་ལོག་སྟེ་འཕྲོད་བསྟེན་ལས་ཁུངས་སུ་ལས་འགན་བསྐོ་སྒྲིག་གནང་། ཕྱི་ལོ་ ༢༠༡༢ ལོར་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དུ་བསྐོས། ཕྱི་ལོ་ ༢༠༡༣ ལོར་དྲུང་འཕར་དུ་གནས་རིམ་སྤར། ཕྱི་ལོ་ ༢༠༡༤ ལོར་བཀའ་དྲུང་ཡིག་ཚང་དུ་གནས་སྤོས། ཕྱི་ལོ་ ༢༠༡༤ ལོར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ་གནས་སྤོས། ཕྱི་ལོ་༢༠༡༦ ཟླ་ ༨ ཚེས་ ༡ ཉིན་ནས་ཕྱི་དྲིལ་ལས་ཁུངས་སུ་གནས་སྤོས། འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༢ ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་ཆེའི་ལས་འཁུར་ཞུ་རྒྱུ་ཡིན་པ་རེད།

ཡེ་ཤེས་དབང་མོ་ལགས་ནི་ཕྱི་ལོ་ ༡༩༧༠ ཟླ་ ༡ ཚེས་ ༡༥   ཉིན་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་ཅོན་ཏ་རར་སྐྱེས་པ་དང་།  ཌལ་ཧོར་གཏན་སློབ་ནས་སློབ་ཐོན་རྗེས་ B.Sc GCG College Chandigarh ནས་མཐོ་སློབ་ཐོན། ཕྱི་ལོ་ ༡༩༩༥ ཟླ་ ༩ ཚེས་ ༡༨ ཉིན་བདེ་སྲུང་ཉམས་ཞིབ་ཁང་གི་དྲུང་ལས་སུ་བསྐོ་གཞག་གནང་།

ཕྱི་ལོ་ ༡༩༩༩ ལོར་དྲུང་གཞོན་དུ་གནས་རིམ་སྤར། ཕྱི་ལོ་ ༢༠༠༢ ལོར་འཕྲོད་བསྟེན་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༠༥ ལོར་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་དུ་གནས་རིམ་སྤར། ཕྱི་ལོ་ ༢༠༠༩ ལོར་གཞུང་འབྲེལ་མིན་པའི་སློབ་བསྐྱོད་ནས་ཕྱིར་ལོག་རྗེས་བཀའ་ཤག་གི་ཟུང་དྲུང་དུ་བསྐོས། ཕྱི་ལོ་ ༢༠༠༩ ལོར་ཕྱི་དྲིལ་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༣ ལོར་དྲུང་འཕར་དུ་གནས་རིམ་སྤར།  ཕྱི་ལོ་ ༢༠༡༦ ལོར་འཕྲོད་བསྟེན་ལས་ཁུངས་སུ་གནས་སྤོས། ཟླ་འདིའི་ཕྱི་ཚེས་ ༨ ནས་དྲུང་ཆེའི་གནས་རིམ་དུ་སྤར་ནས་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་བཞག་བྱུང་།

ལྷུན་གྲུབ་སྒང་བཀྲིས་སྟོབས་རྒྱལ་ལགས་ནི་ཕྱི་ལོ་ ༡༩༧༤ ཟླ་ ༤ ཚེས་ ༢༠ ཉིན་སྐྱེས་ཤིང་། མ་སུ་རི་གཏན་སློབ་ཐོན་རྗེས་ཅན་དི་གར་ Chandigarh མཐོ་སློབ་ནས་ཚོང་ལས་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་B.Comཐོན། ཕྱི་ལོ་ ༡༩༩༦ ཟླ་ ༩ ཚེས་ ༧ ཉིན་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་ཚོད་ལྟའི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༧ ལོར་ལས་བྱེད་ངོ་མར་བསྐོ་བཞག་གནང་། ཕྱི་ལོ་ ༢༠༠༠ ལོར་དྲུང་གཞོན་དུ་གནས་རིམ་སྤར། ཕྱི་ལོ་ ༢༠༠༦ ལོ་ནས་ཟུང་དྲུང་དུ་གནས་རིམ་སྤར། ཕྱི་ལོ་༢༠༠༩ ལོར་གཞུང་འབྲེལ་མིན་པའི་གུང་གསེང་ནས་ལས་བཅར་ཞུས། ཕྱི་ལོ་ ༢༠༡༡ ལོར་ཉི་ཧོང་སྐུ་ཚབ་དོན་ཁང་དུ་གནས་སྤོས། ཕྱི་ལོ་ ༢༠༡༣ ལོར་ཤེས་རིག་ལས་ཁུངས་སུ་གནས་སྤོས་དང་། ལོ་དེའི་ཕྱི་ཟླ་ ༩ ཚེས་ ༩ ཉིན་དྲུང་འཕར་དུ་གནས་རིམ་སྤར་ཏེ་ཤེས་རིག་ལས་ཁུངས་སུ་གནས་སྤོས་དུས་འགྱངས་ཞུས། ཕྱི་ལོ་༢༠༡༤ ལོར་རྩིས་ཞིབ་ལས་ཁང་དུ་གནས་སྤོས་དང་། ཕྱི་ལོ་ ༢༠༡༦ ལོར་རྩིས་ཞིབ་ལས་ཁང་གི་དྲུང་ཚབ་གནང་། ཟླ་འདིའི་ཕྱི་ཚེས་ ༩ ནས་དྲུང་ཆེའི་ལས་འཁུར་ཞུ་རྒྱུ་ཡིན་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་བཏུས།

བསྐྱར་བཅོས།: ༢༠༡༨/༡༠/༠༤

Leave a Reply