སྲོལ་ཡིག་དོན་ཚན་བདུན་དང་འགལ་ན་དམར་ཤོག་གི་སྐྱིད་སྡུག་ནས་འཕུད་རྒྱུ་ཡིན།

རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་མི་ཚོས་བྱེད་མི་རུང་བ་དང་བྱས་ན་དམར་ཤོག་སྐྱིད་སྡུག་ནས་འཕུད་རྒྱུ་ཡིན་པའི་དོན་ཚན་ ༧ ཡོངས་ཁྱབ་གསལ་བསྒྲགས་བྱས་འདུག
ཁ་སང་རྒྱ་ནག་དམར་ཤོག་ཚོགས་པའི་ཏང་ཡོན་ཚོས་སྐད་འཕྲིན་དང་དྲ་རྒྱ་རིགས་བེད་སྤྱོད་གཏོང་སྐབས། རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་སྲོལ་ཡིག་ཟེར་བར་བརྩི་སྲུང་དགོས་པ་དང་། སྲོལ་ཡིག་དང་འགལ་བའི་དམར་ཤོག་ཚོགས་པའི་ཚོགས་མི་ཚོར་ཉེས་ཆད་གཅོད་རྒྱུ་དང་དམར་ཤོག་གི་སྐྱིད་སྡུག་ནས་འཕུད་རྒྱུ་ཡིན་པ་ཡོངས་ཁྱབ་གསལ་བསྒྲགས་སྤེལ་འདུག

དེ་ཡང་གསལ་བསྒྲགས་ནང་སྐད་འཕྲིན་ང་ཚོའི་འཚོ་བའི་ནང་ཕན་ཚུན་འབྲེལ་བ་བྱེད་པའི་རྒྱུན་སྤྱོད་ཀྱི་ལག་ཆར་གྱུར་བ་དང་ཆབས་ཅིག སྐད་འཕྲིན་གྱིས་ང་ཚོའི་འཚོ་བར་སྟབས་བདེ་བསྐྲུན་མོད།  འོན་ཀྱང་སྐད་འཕྲིན་ཁྲིམས་ཀྱི་ཁོངས་སུ་ཚུད་པས་དམར་ཤོག་ཚོགས་མི་ལས་བྱེད་པས་སྐད་འཕྲིན་སྤྱོད་སྐབས། རྒྱལ་ཁྲིམས་དང་འགལ་བའི་ཆབ་སྲིད་རིགས་དང་ཏང་གི་གཞི་རྩའི་རྩ་དོན་དང་འགལ་བའི་སྐད་ཆ་བཤད་པ་སོགས་ལ་མི་སྒེར་གྱིས་འགན་འཁུར་དང་གཞུང་ཕྱོགས་ནས་དོ་ནན་ཆེན་པོ་བྱེད་རྒྱུ་ཡིན་སྐོར་འཁོད་འདུག

སྒྲིག་ཁྲིམས་སྲོལ་ཡིག་ཟེར་བའི་ནང་དམར་ཤོག་ལས་བྱེད་ཚོས་བྱེད་མི་རུང་བ་དང་། གལ་ཏེ་ཁྲིམས་འགལ་བྱུང་བ་ཡིན་ན་ཏང་གི་སྐྱིད་སྡུག་ནས་འཕུད་དགོས་པའི་དོན་ཚན་ ༧ བཀོད་ཡོད་པ་ལས། གཅིག། རྩ་དོན་ལ་ཐུག་པའི་གནད་དོན་གལ་ཆེན་དབུས་དང་གཅིག་མཐུན་མིན་ཚེ། དམར་ཤོག་གི་སྐྱིད་སྡུག་ནས་འཕུད་རྒྱུ་དང་། གཉིས། མ་རྩའི་གྲལ་རིམ་གྱི་རང་དབང་ཅན་གྱི་ལངས་ཕྱོགས་མཐའ་འཁྱོངས་ཀྱི་གཏམ་སྨྲས་ཚེ། དམར་ཤོག་སྐྱིད་སྡུག་ནས་འཕུད་རྒྱུ།

གསུམ། གཞི་རྩའི་རྩ་དོན་བཞི་ལས་འགལ་བའི་གཏམ་སྨྲ་བ་མ་ཟད། ཏང་གི་སྒྱུར་བཅོས་སྒོ་འབྱེད་ཀྱི་ཐབས་ཇུས་དང་རྒྱབ་འགལ་བྱེད་པའི་ཁར་འཁྱོག་བཤད་བྱས་ཚེ། དམར་ཤོག་གི་སྐྱིད་སྡུག་ནས་འཕུད་རྒྱུ། བཞི། དམར་ཤོག་དབུས་གཞུང་གི་མཛད་ཕྱོགས་སྲིད་ཇུས་ལ་སྒྲོ་འདོགས་དང་གཏམ་འཆལ་སྤེལ་བའི་ཁར། དམར་ཤོག་གི་གཅིག་སྡུད་གཅིག་གྱུར་ལ་གཏོར་བཤིག་བཏང་ཚེ། དམར་ཤོག་གི་སྐྱིད་སྡུག་ནས་འཕུད་རྒྱུ།

ལྔ། སྔོན་གཤེགས་དཔའ་བོར་འཕྱ་སྨོད་བྱེད་པ་དང་དམའ་འབེབས་བཏང་ན་དམར་ཤོག་གི་སྐྱིད་སྡུག་ནས་འཕུད་རྒྱུ། དྲུག ཆབ་སྲིད་ཀྱི་དཀྲོག་གཏམ་བཟོ་བ་དང་བརྒྱུད་སྤེལ་བྱས་ཚེ།  དམར་ཤོག་གི་སྐྱིད་སྡུག་ནས་འཕུད་རྒྱུ། བདུན། ལས་བྱེད་པ་འདེམས་པ་དང་བསྐོ་གཞག སྒྲིག་ཁྲིམས་ཞིབ་དཔྱད་སོགས་ཡོངས་བསྒྲགས་བྱས་མེད་པའི་དོན་ཚན་ནམ་ཡང་གསང་བ་སྲུང་དགོས་ངེས་ཀྱི་ཆ་འཕྲིན་ཕྱིར་གྱར་ན། དམར་ཤོག་གི་སྐྱིད་སྡུག་ནས་འཕུད་རྒྱུ་བཅས་རེད་འདུག

གཞན་རྒྱ་ནག་གཞུང་འབྲེལ་རྒྱུད་ལམ་ཁག་གི་གནས་ཚུལ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ཞིབ་བཤེར་ཁང་ཟེར་བས་ད་ལོའི་ཕྱི་ཟླ ༨ བར་རྒྱ་ནག་རྒྱལ་ཡོངས་སུ་གཞུང་གི་གཏན་འབེབ་ཁྲིམས་སྒྲིག་སྲོལ་ཡིག་ཁག་དང་འགལ་བའི་གནད་དོན་ ༥༥༦༥ ལྷག་ལ་ཞིབ་བཤེར་དང་། མི་ ༧༨༤༦ ཉེས་ཆད་དང་ཁྲིམས་ལྟར་ཐག་གཅོད་བྱས་ཡོད་པ་དང་། དམར་ཤོག་གི་སྒྲིག་ཁྲིམས་དང་འགལ་བའི་མི་ ༥༤༥༢ ཁྲིམས་ལྟར་ཐག་གཅོད་བྱས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༠/༠༤

Leave a Reply