བཙན་བྱོལ་བོད་མིའི་དམངས་གཙོ་གླེང་བ།

མང་ཚོགས་ཀྱི་བསམ་འཆར་བསྡུ་རུབ་བྱས་ཏེ་ཡར་ཕུལ་བ་ལྟར་བོད་མི་མང་སྤྱི་འཐུས་རྣམ་པས་འོས་ཐེངས་གཉིས་བླུགས་རྒྱུ་མང་མོས་གཏན་འབེབ་བྱུང་བར་ཐུགས་རྗེ་ཆེ་ཞུ་ཡི་ཡོད་ཟེར།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པའི་སྟེང་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ཁག་ཅིག་བསྐྱར་བཅོས་གཏན་འབེབ་གནང་ཡོད་པ་དང་འབྲེལ་ཏེ། ལྟེ་གནས་ཁང་ནས་ལོ་ཤས་རིང་བཙན་བྱོལ་སྤྱི་ཚོགས་ནང་དམངས་གཙོའི་གོ་རྟོགས་གོང་སྤེལ་གྱི་ལས་འགུལ་སྤེལ་ཡོད་པའི་སྐོར་ནས་བཙན་བྱོལ་བོད་མིའི་མང་གཙོ། ཕྱི་ལོ་ ༢༠༡༨ ལོའི་དམིགས་བསལ་སྙན་ཐོ་ཞེས་པ་ཞིག་འདོན་སྤེལ་གསལ་བསྒྲགས་གནང་སོང་།

གསལ་བསྒྲགས་སྐབས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འོས་བསྡུའི་སྐོར་ལ་བསམ་འཆར་བསྡུ་ལེན་བྱེད་སྐབས་མཉམ་ཞུགས་པའི་ཁྲོད་ནས་བརྒྱ་ཆ་ ༧༤ ལྷག་གིས་འོས་གཉིས་ལྡུག་དགོས་པ་དང་འོས་བསྡུའི་སྔོན་འགྲོ་དང་དངོས་གཞི་གཉིས་བར་དུས་ཡུན་ཐུང་དུ་གཏོང་དགོས་པའི་བསམ་འཆར་བྱུང་ཡོད་ལ། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་དང་སྤྱི་འཐུས་མི་རེ་ངོ་རེར་དེའི་སྐོར་གྱི་སྙན་ཞུ་ཞིག་ཕུལ་ཡོད་པ། དེ་ལ་གཞི་བཞག་ནས་སྤྱི་འཐུས་རྣམ་པས་འོས་གཉིས་ལྡུག་དགོས་པའི་ཐོག་མང་མོས་གཏན་འབེབ་བྱུང་ཡོད་པ་དེར་ལྟེ་གནས་ཁང་གི་ངོས་ནས་རྗེས་སུ་ཡི་རངས་དང་། དེ་ནི་རྒྱ་ཆེའི་མི་མང་གི་མངོན་འདོད་ལ་རྒྱལ་ཁ་ཆེན་པོ་ཐོབ་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་སྐོར་བརྗོད་སོང་།

ཡང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་བའི་བསམ་འཆར་བསྡུ་རུབ་བྱས་སྐོར་ལ་མོས། ཕྱི་ལོ་༢༠༡༦ ལོར་རྒྱ་ཆེའི་མི་མང་ནས་བཙན་བྱོལ་བོད་མིའི་སྲིད་སྤྱི་འོས་འདེམས་སྐབས་སྔོན་འགྲོ་དང་དངོས་གཞི་གཉི་ག་དགོས་མིན་ཐད་ལ་རྙོག་གླེང་ཆེན་པོ་བྱུང་རྐྱེན། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་ཞིག་འཛུགས་དགོས་བྱུང་ཡོད་པ་དང་། ཚོགས་ཆུང་ནས་མི་མང་གིས་ཀྱང་བསམ་འཆར་བཤད་ན་འགྲིག་གི་ཡོད་བརྗོད་སྟབས། ང་ཚོས་ཀྱང་ཚོགས་པའི་དམིགས་ཡུལ་བཞིན་མང་ཚོགས་ལ་དམངས་གཙོའི་གོ་རྟོགས་སྤེལ་རྒྱུ་དང་། མི་མང་ནང་ལས་འགུལ་སྤེལ་རྒྱུ་དེ་གལ་ཆེན་པོར་བཟུང་སྟེ་གོ་སྐབས་དམ་འཛིན་གྱིས་ཕྱི་ལོ་ ༢༠༡༦ ཟླ་ ༦ ནང་ཉིན་ ༢ རིང་ཚོགས་པ་ཁག་གི་འགན་འཛིན་དང་སྤྱི་འཐུས་ལས་ཐོག་སོགས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་གནད་ཡོད་མི་སྣ་དང་ཆེད་མཁས་པའི་ཚོགས་འདུ་ཞིག་ཚོགས་རྗེས། བདུན་ཕྲག་གཅིག་ལྷག་རིང་ཟིན་བྲིས་ལ་བཏབ་ཡོད་པའི་བསམ་འཆར་རྣམས་དབྱེ་བ་ཕྱེས་ཏེ། བསམ་འཆར་རྣམས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་ལ་ཕུལ་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༧ ལོར་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་སྤྱིར་བཙན་བྱོལ་བོད་མིའི་ལམ་ལུགས་ཚད་ལྡན་ཡོང་ཐབས་སུ་བསམ་ཚུལ་བསྡུས་ཡོད་པ་རེད་ལ། རྗེས་སུ་བུད་མེད་ལྷན་ཚོགས་དང་མཉམ་འབྲེལ་གྱིས་བོད་མིའི་སྤྱི་ཚོགས་ཁྲོད་དམངས་གཙོའི་གོ་རྟོགས་གོང་འཕེལ་གྱི་སྐོར་སྐྱོད་ཅེས་པའི་ལས་གཞི་ཞིག་སྤེལ་ནས་བསམ་འཆར་མང་པོ་བསྡུས་ཡོད་སྐོར་བརྗོད་སོང་།

དམངས་གཙོའི་གོ་རྟོགས་གོང་འཕེལ་གྱི་སྐོར་སྐྱོད་ཅེས་པའི་ལས་གཞི་དེའི་འགན་འཁུར་བ་ཁྲི་སྲོང་རྡོ་རྗེ་ལགས་གྱིས། དེ་སྔོན་མང་ཚོགས་ནང་བསམ་འཆར་བསྡུས་པ་རྣམས་ལ་གཞི་བཞག་ནས་བོད་དབྱིན་གཉིས་ཅན་གྱི་བསམ་ཤོག་ཅིག་བཟོས་ཏེ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་མགོ་འཛུགས་ཀྱིས་ས་གནས་ཁག་ ༡༡ གྱི་ཡུལ་མི་རྒན་གཞོན་དར་གསུམ་དང་སྐྱ་སེར་གཉིས། དེ་བཞིན་མཁས་པ་དང་མཐོ་སློབ་སློབ་མ་སོགས་ལ་བསམ་ཚུལ་བྱུང་པ་རྣམ་བརྙན་དང་བསམ་ཤོག་གི་ལམ་ནས་བསྡུ་རུབ་བྱས་ཡོད་པ་རེད་ལ། སྐབས་དེར་འོས་བསྡུའི་སྒྲིག་གཞི་དང་འབྲེལ་བའི་སྐོར་ནས་མང་ཚོགས་ནང་བསམ་ཚུལ་ཆེ་ཤོས་ཁག་ནི་སྲིད་སྤྱི་གཉིས་ལ་འོས་ཐེངས་གཉིས་ལྡུག་རྒྱུ་དང་། སྔོན་འགྲོ་དང་དངོས་གཞིའི་བར་ལ་དུས་ཡུན་ཐུང་དུ་གཏོང་རྒྱུ། གྲྭ་བཙུན་རྣམས་ཀྱིས་འོས་ཤོག་གཉིས་ལྡུག་གི་ཡོད་པ་དེ་སྤྱིར་འོས་བསྡུའི་ལྟ་གྲུབ་དང་འགལ་གྱི་ཡོད་པའི་བསམ་ཚུལ་བྱུང་སྐོར་བརྗོད་སོང་།

བཙན་བྱོལ་བོད་མིའི་མང་གཙོ། ༢༠༡༨ ལོའི་དམིགས་བསལ་སྙན་ཐོ་ཞེས་པ་དེར་ས་བཅད་ ༦ དང་ དོན་ཚན་ ༡༡ བཅས་ཁྱོན་ཤོག་གྲངས་ ༢༤༥ ཡོད་པ་དང་། དེའི་ནང་དུ་དམངས་གཙོའི་ཀ་བ་གསུམ་གྱིས་གྲུབ་པའི་བཙན་བྱོལ་བོད་མིའི་དམངས་གཙོའི་ལམ་ལུགས་ཀྱི་བྱུང་རིམ་དང་འཕོ་འགྱུར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྤྱི་གཉིས་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་། འོས་བསྡུ་ལས་ཁང་དང་ལས་བྱེད་འདེམ་བསྐོ་ལྷན་ཁང་། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་སོགས་རང་དབང་ཅན་གྱི་སྡེ་ཚན་ཁགབཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབ་དང་བསྐྱར་བཅོས། མ་འོངས་བོད་ཀྱི་དམངས་གཙོའི་ལམ་ལུགས་ཀྱི་ཁ་ཕྱོགས་དང་བཅའ་ཁྲིམས། དམིགས་བསལ་ཕྱི་ལོ་ ༢༠༡༡ ལོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་ཆབ་སྲིད་འཛིན་སྐྱོང་གི་སྐུ་དབང་རྩིས་སྤྲོད་གནང་བའི་སྐོར། ཕྱི་ལོ་ ༢༠༡༦ ལོར་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་གྲོས་ཆོད་དེ། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་། ཕྱི་ལོ་ ༢༠༡༧ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དང་འབྲེལ་བའི་བོད་མིའི་དམངས་གཙོའི་ལམ་ལུགས་ཐད་ལ་མི་མང་ནས་བསམ་འཆར་དང་མངོན་འདོད་ཅི་བྱུང་སྐོར་སོགས་འཁོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༡༠/༠༥

Leave a Reply

2 thoughts on “བཙན་བྱོལ་བོད་མིའི་དམངས་གཙོ་གླེང་བ།

  1. ༄༅། དོན་མེད་དམངས་གཙོ་དང་མང་གཙོ་གཉིས་་ཀྱི་ཐ་སྙད་ལ་རྩོད་དགོས་མི་འདུག་
    ་་་་་་་མང་གཙོ་དང་མང་གཙོ་གཉིས་ལ་ཁྱད་མེད་དོན་གཅིག་རེད། ཨ་ཕ་དང་པ་བ་ལྟར་རེད།

  2. གཞུང་པ་ཚེ་དབང་བསོད་ནམས་

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་མང་གཙོ་༼. Democracy ༽
    ལས་དམངས་གཙོ་༼ Proletarian ༽ ་གྲལ་རིམ་གྱི་ཚིག་འཁོད་མེད་ན་
    བཙན་བྱོལ་བོད་མིའི་དམངས་གཙོ་གླེང་བ་ཟེར་བའི་ད་སྔོན་འཇུག་དང་ས་ཡང་
    འཇུག་ཡོད་པའི་གྲལ་རིམ་གྱི་ཐ་སྙད་གསལ་སྟོན་གནང་བ་དེ་བཙན་བྱོལ་བོད་
    མིའི་བཅའ་ཁྲིམས་ལ་འགན་ཁུར་བ་ལ་ངོས་འཛིན་ཞུ་དགོས་ཀྱི་ཡོད་པ་ཡིན་
    ནམ་།