ནོ་བྷེལ་ཞི་བདེའི་གཟེངས་རྟཊ་ཐོབ་མཁན་ལ་འཚམས་འདྲི་མཛད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕྱི་ལོ་ ༢༠༡༨ ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་རྣམ་གཉིས་ལ་གསུང་འཕྲིན་ཞིག་བསྩལ་ཏེ་ཁོང་གཉིས་དང་ལྷན་དུ་འགྲོ་བ་མིའི་བདེ་དོན་གོང་སྤེལ་ཐད་ནུས་པ་མཉམ་སྤུངས་ཐུབ་པའི་ཐུགས་རེ་གནང་བཞིན་ཡོད་སྐོར་གསུངས་འདུག

ཁ་སང་ནོ་བྷེལ་གཟེངས་རྟགས་ལྷན་ཚོགས་ནས་འདི་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་ཨེ་རག་གི་བུད་མེད་ལས་འགུལ་བ་་ལྕམ་ནཱ་ཌི་ཡ་མོ་ར་ཌི་(Nadia Murad) ལགས་དང་ཀོན་གྷོ་རྒྱལ་ཁབ་ཀྱི་སྨན་པ་ཌེ་ནི་སི་མོ་ཀི་ཇི་(Denis Mukwege)ལགས་གཉིས་ལ་ཐོབ་པ་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་པ་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་བའི་ནང་། གཟེངས་རྟགས་དེ་ནི་འགྲོ་བ་མིའི་རིགས་ཀྱི་བཟོད་ཐབས་བྲལ་བའི་ན་ཟུག་དང་འཇིགས་སྣང་ཅན་གྱི་སེམས་གཅོང་ལ་རོགས་སྐྱོར་དང་གདོང་ལེན་བྱེད་པར་སྤོབས་པ་དང་རེ་བ། བློ་རྩ་བརྟན་པོ་བཅས་ཡིན་པར་ངོས་འཛིན་ཐོབ་པ་ཞིག་ཡིན་པ་དང་། ངོས་ནས་རྣམ་པ་གཉིས་ཀྱི་བྱམས་སྙིང་རྗེ་ཡིས་ཀུན་ནས་བསླངས་པའི་བྱ་སྤྱོད་ལ་བསྔགས་བརྗོད་ཡོད། དཀའ་སྡུག་ཅན་གྱི་མིའི་བདེ་སྐྱིད་སླར་གསོ་གནང་བའི་ཕྱག་ལས་ཁྲོད་སྙིང་རྗེ་ཡི་ཕན་ཤུགས་མིག་སྟོན་གསལ་བཤད་གནང་དགོས་པ་རེད། ཅེས་གསུངས་འདུག

ཡང་གསུང་འཕྲིན་ནང་། འཛམ་གླིང་གི་རོགས་རམ་དགོས་ངེས་ཅན་གྱི་མི་ལ་བདེ་བ་དང་སྲུང་སྐྱོབ་གནང་མཁན་ཁོང་གཉིས་ལྟ་བུའི་འཛམ་གླིང་ཡོངས་ཀྱི་སྤུན་མཆེད་ཕོ་མོ་རྣམས་ལ་བསྔགས་བརྗོད་ཞུ་ཡི་ཡོད། འགྲོ་བ་མིའི་བདེ་དོན་གོང་སྤེལ་ཐད་ཁོང་རྣམ་པ་གཉིས་དང་ལྷན་ནུས་པ་མཉམ་སྤུངས་ཐུབ་པའི་རེ་བ་བྱེད་བཞིན་ཡོད། ཅེས་གསུངས་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༡༠/༠༦

Leave a Reply