རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱི་འགན་འཛིན་བཀག་ཉར་བྱས་འདུག་ཟེར།

གར་སོང་ཆ་མེད་དུ་གྱུར་བའི་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱི་འགན་འཛིན་མོང་ཧོང་ཝེ་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་འོག་ཡོད་པའི་གནས་ཚུལ་ཐོན་འདུགདེ་རིང་རྒྱ་གར་བང་ཆེན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་སྔོན་གར་སོང་ཆ་མེད་དུ་གྱུར་བའི་ཧྥ་རན་སིར་ཡོད་པའི་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱི་འགན་འཛིན་དང་། རྒྱ་ནག་དབུས་ཉེན་རྟོག་ཁང་གི་མགོ་འཁྲིད་གཞོན་པ་ཟུར་པ་མོང་ཧོང་ཝེ་(Meng Hongwei)ལགས་རྒྱ་ནག་གཞུང་གི་བཀག་ཉར་འོག་ཡོད་པ་དང་། ཁོང་ཚོགས་འདུ་ཞིག་གི་ཆེད་དུ་ཧྥ་རན་སི་ནས་རྒྱ་ནག་ནང་ཕྱིན་རྗེས་བར་བརླག་ཏུ་ཕྱིན་ཡོད་པ་རེད།

དང་ཐོག་ཁོང་གི་བཟའ་ཟླས་གནས་ཚུལ་དེ་ཧྥ་རན་སིའི་ཉེན་རྟོག་ཁང་ལ་ཞུ་གཏུག་བྱས་ཡོད་པ་དང་། སྐབས་དེར་མོས་མོང་ཧོང་ཝེ་ཕྱི་ཟླ ༩ ཚེས་ ༢༩ ཉིན་ཕྱིར་རྒྱ་ནག་ལ་ཕྱིན་པ་ནས་བཟུང་གོ་ཐོས་གང་ཡང་མེད་པ་ཆགས་སོང་སྟབས། ཧྥ་རན་སི་གཞུང་ནས་ཁོང་རྩད་གཅོད་གནང་དགོས་པ་དང་། ཁ་པར་དང་སྤྱི་ཚོགས་དྲ་ལམ་སོགས་ནས་མོ་ལ་འཇིགས་སྐུལ་བྱེད་མཁན་མང་པོ་ཡོང་གི་འདུག་པས་ཉེན་རྟོག་པས་སྲུང་སྐྱོབ་དགོས་པའི་རེ་སྐུལ་ཞུས་ཡོད་འདུག

རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱི་དྲུང་ཡིག་ཆེན་མོ་རྗོར་ཇན་སི་ཊོག(Jürgen Stock)གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། སྒྲིག་འཛུགས་དེའི་འགན་འཛིན་མོང་ཧོང་ཝེ་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། གནད་དོན་དེའི་ཐད་ཧྥ་རན་སི་དང་རྒྱ་ནག་ཕྱོགས་གཉིས་ཀྱི་དཔོན་རིགས་ཚོར་འགན་འཁུར་ཡོད་སྐོར་བརྗོད་འདུག

ཧྥ་རན་སི་གཞུང་གིས་མོང་ཧོང་ཝེ་རྩད་གཅོད་དང་ཁོའི་བཟའ་ཟླར་ཉེན་སྲུང་བྱེད་བཞིན་ཡོད་པ་མ་ཟད། ཧྥ་རན་སིའི་ནང་སྲིད་བློན་ཆེན་གྱིས་གསར་ལམ་ཁག་ཏུ་ང་ཚོས་མུ་མཐུད་རྒྱ་ནག་གི་དཔོན་རིགས་ཚོ་དང་ལྷན་དུ་སྐད་ཆ་བཤད་བཞིན་ཡོད་ཅེས་བརྗོད་འདུག་ཀྱང་། རྒྱ་ནག་གི་དཔོན་རིགས་ཚོས་ག་རེ་བཤད་ཡོད་མེད་གསལ་པོ་བརྗོད་མེད་པ་རེད།

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་ཞེས་པའི་སྤེལ་བའི་གནས་ཚུལ་ནང་མཱིང་ཧོང་ཝེ་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་འོག་ཡོད་པ་དང་། ད་ལྟའི་ཆར་ཁོ་ལ་འདྲི་རྩད་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་ན་ཡང། ཧོང་ཀོང་རང་དབང་གསར་ཁང་གིས་ཁོང་ད་ལྟ་གང་དུ་ཡོད་དང་ག་རེ་བྱས་འཛིན་བཟུང་བྱས་སོགས་གསལ་ཆ་གང་ཡང་མི་འདུག་ལ།

ད་ལྟའི་ཆར་རྒྱ་ནག་གཞུང་ཕྱོགས་ནས་ཁོང་འཛིན་བཟུང་བྱེད་གསལ་པོ་བརྗོད་མེད་ཀྱང་། ཁོང་སྟག་དང་སྦྲང་མ་མཉམ་གསོད་ཀྱི་རྒོལ་རྡུང་ནང་ཚུད་པའི་དཔོན་རིགས་ཚོ་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པའི་ཚོད་དཔག་བྱེད་ཀྱི་འདུག

ཕྱི་ལོ་ ༢༠༡༦ ལོའི་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ ( International Law Enforcement Agency ) ཀྱི་ཚོགས་ཆེན་ཐེངས་ ༨༥ པའི་ཐོག མོང་ཧོང་ཝེ་ལགས་སྒྲིག་འཛུགས་དེའི་འགན་འཛིན་དུ་བསྐོ་བཞག་བྱུང་ཞིང་། ཁོང་ནི་སྒྲིག་འཛུགས་དེའི་རྒྱ་རིགས་འགན་འཛིན་ཐོག་མ་དེ་ཆགས་ཡོད་སྟབས། རྒྱ་ནག་གཞུང་ཕྱོགས་ནས་ཁོང་ལ་དགའ་བསུའི་འཚམས་འདྲི་བྱས་ཡོད་པ་མ་ཟད། རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ཏུ་རྒྱ་མི་ཞིག་འགན་འཛིན་དུ་བསྐོས་པ་ནི་ཀྲུང་གོའི་ཕྱི་ཕྱོགས་འབྲེལ་ལམ་གྱི་གྲུབ་འབྲས་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གི་སྤྱི་བདེ་ཉེན་རྟོག་གི་ལས་དོན་བྱེད་ཕྱོགས་ལ་ངོས་འཛིན་བཟང་བོ་ཐོབ་པ་ཡིན་སྐོར་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད་ན་ཡང་། སྐབས་དེར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་གིས། རྒྱ་ནག་དབུས་ཉེན་རྟོག་དཔོན་པོ་ཞིག་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྤྱི་ཁྱབ་པར་བསྐོས་པ་དེས་ཕྱི་ཕྱོགས་ཀྱི་རྒྱ་ནག་གཞུང་ལ་ཁ་གཏད་གཅོག་མཁན་ཚོར་དམ་དྲག་ཤུགས་ཆེ་རུ་གཏོང་སྲིད་པའི་སེམས་འཚུབ་བྱུང་ཡོད་པ་རེད།

 ཨ་རིའི་ནེའུ་ཡོག་དུས་བབ་ཀྱིས་རྒྱ་ནག་གཞུང་གི་མཐོ་རིམ་དཔོན་རིགས་མང་པོ་ཞིག་གློ་བུར་དུ་གར་སོང་ཆ་མེད་དུ་གྱུར་རྗེས། ཤེས་རྟོགས་བྱུང་དུས་འཛིན་བཟུང་བྱས་པ་མ་ཟད་ཉེས་ཆད་ཀྱང་བཅད་ཚར་ཡོད་སྐོར་དང་། ཕྱི་ལོ་ ༢༠༡༣་ལོར་རྒྱ་ནག་གི་བདེ་སྲུང་བློན་ཆེན་ལི་ཊུང་ཧྲིན་(Li Dongsheng)གློ་བུར་དུ་གར་སོང་ཆ་མེད་གྱུར་ཡོད་པ་དང་། ཤེས་རྟོགས་བྱུང་སྐབས་ལོ་ ༡༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཟིན་ཡོད་པ་རེད། འདི་ལོའི་ཕྱི་ཟླ་ ༩ པའི་ནང་ཡུ་གུར་བ་མཐོ་རིམ་དཔོན་རིགས་ཤིག་འཛིན་བཟུང་བྱས་པ་ཤེས་རྟོགས་བྱུང་སྐབས་ཉེས་ཆད་བཅད་ཟིན་པ་གསལ་བསྒྲགས་བྱས་ཡོད་སྐོར་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༠/༠༦

Leave a Reply