ཨ་རིས་རྒྱ་གར་ལ་ཉེས་ཆད་གཅོད་ཉེན་འདུག

རྒྱ་གར་གཞུང་གིས་ཨ་རིས་ཉེས་ཆད་གཅོད་མིན་ལ་མ་ལྟོས་པར་ཨུ་རུ་སུའི་(S-400)རྟགས་ཅན་གྱི་རྒྱལ་སྲུང་གོ་མཚོན་སོགས་ཨ་སྒོར་དྲུང་ཕྱུར་ ༥༠ ཡི་གོ་མཚོན་ཉོ་ཚོང་གི་གྲོས་ཆད་བཞག་ཡོད་འདུགཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཉིན་གྲངས་ ༢ རིང་རྒྱ་གར་ནང་རྒྱལ་དོན་སྐོར་སྐྱོད་གནང་ཡོད་པ་དང་། ཁ་སང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྲིད་བློན་མུ་དྷི་མཆོག་གིས་ཕུ་ཊིན་ལ་མཇལ་འཕྲད་གནང་སྟེ་ཨུ་རུ་སུའི་( S-400 )རྟགས་ཅན་གྱི་རྒྱལ་སྲུང་གོ་མཚོན་ཉོ་རྒྱུ་སོགས་ཚུད་པའི་ཨ་སྒོར་དུང་ཕྱུར་ ༥༠ ཡི་གོ་མཚོན་ཉོ་ཚོང་གི་གྲོས་ཆོད་བཞག་ཡོད་པ་དེར་གླེང་སློང་མང་པོ་ཡོང་བཞིན་འདུག

ཕྱི་ལོ་ ༢༠༡༤ ལོར་ཨུ་རུ་སུས་ཁུ་རེ་མི་ཡ་ (Crimea) ནང་བཙན་འཛུལ་བྱས་པ་དང་ཕྱི་ལོ་ ༢༠༡༦ ལོར་ཨ་རིའི་སྲིད་འཛིན་འོས་བསྡུའི་ནང་ཐེ་གཏོགས་བྱས་པ་སོགས་ཀྱིས་ཨུ་རུ་སུ་དང་ཨ་རིའི་འབྲེལ་བ་སྡུག་ཏུ་ཕྱིན་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོར་ཨ་རིས་ཨུ་རུ་སུ་དང་བྱང་ཀོ་རི་ཡ། ཨེ་རན་བཅས་ཀྱི་ཚོང་ཚོགས་འགར་ཚོང་འབྲེལ་ཉེས་ཆད་བཅད་ཡོད་པ་མ་ཟད། རྒྱལ་ཁབ་གཞན་གྱིས་དེ་གསུམ་ལ་རྒྱལ་སྲུང་དང་འབྲེལ་བའི་གོ་མཚོན་ཉོ་ཚོང་མི་ཆོག་པའི་བཀག་འགོག་བྱེད་བཞིན་ཡོད་པ་དང་། ད་ལན་རྒྱ་གར་གཞུང་གིས་གོ་མཚོན་ཉོ་ཚོང་གི་གྲོས་ཆོད་བཞག་པའི་རྐྱེན་གྱིས་ཨ་རིས་རྒྱ་གར་ལ་ཉེས་ཆད་གཅོད་སྲིད་པའི་ཚོད་དཔག་བྱེད་བཞིན་འདུག

གནད་དོན་དབྱེ་ཞིབ་པ་ཚོས་ཨ་རི་གཞུང་གིས་ཉེས་ཆད་གཅོད་མིན་ཁ་གསལ་མ་བཟོས་སྔོན་ནས་ཨུ་རུ་སུའི་གོ་མཚོན་ཉོ་བའི་ཐག་གཅོད་བྱུང་བ་དེ་ནི་རྒྱ་གར་གཞུང་གིས་ཨ་རི་དང་ཨུ་རུ་སུ་གཉིས་ལ་ཕྱི་འབྲེལ་སྲིད་བྱུས་དོ་མཉམ་འཛིན་པར་འབད་བརྩོན་བྱེད་བཞིན་ཡོད་སྐོར་དང་། ཊོར་ཀེ་ (Turkey)སོགས་རྒྱལ་ཁབ་གཞན་ཁ་ཤས་ཤིག་གིས་ཀྱང་གོ་མཚོན་དེ་ཉོ་འདོད་བྱེད་ཀྱི་ཡོད་སྟབས། གལ་སྲིད་རྒྱ་གར་གུ་ཡངས་གཏང་བ་ཡིན་ན། མ་འོངས་པར་རྒྱལ་ཁབ་གཞན་གྱིས་ཉོས་པ་ཡིན་ནའང་གུ་ཡངས་གཏོང་དགོས་པའི་གནས་སྟངས་ཆགས་རྒྱུ་ཡིན་སྐོར་དང་། གལ་ཏེ་ཨ་རིས་མུ་དྷི་གཞུང་འཛིན་ཚོགས་པར་ཉེས་ཆད་བཅད་པ་ཡིན་ན་རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུའི་ཁྲོད་གཞུང་འཛིན་ཚོར་པར་ཤུགས་རྐྱེན་ཐེབས་རྒྱུ་ཡིན་སྐོར་སོགས་བརྗོད་ཀྱི་འདུག

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། འདི་ལོའི་ཕྱི་ཟླ་ ༩ ནང་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེག་པོམ་པོ་(Mike Pompeo) དང་བདེ་སྲུང་དྲུང་ཆེ་ཇེམ་མཱ་ཊི་སི་(Jim Mattis) གཉིས་རྒྱ་གར་ནང་གཟིགས་སྐོར་དུ་ཕེབས་སྐབས། གོ་མཚོན་ཉོ་ཚོང་སྐོར་ལ་བཀའ་མོལ་བྱུང་ཡོད་ཀྱང་ཁ་གསལ་བཟོས་མེད་འདུག སྐབས་དེར་བདེ་སྲུང་དྲུང་ཆེས་གལ་སྲིད་རྒྱ་གར་གྱིས་ཨུ་རུ་སུའི་གོ་མཚོན་ཉོས་པ་ཡིན་ན་ཉེས་ཆད་གཅོད་མིན་གྱི་ཐག་གཅོད་དེ་སྲིད་འཛིན་ཊོམ་ཕུ་མཆོག་གི་ལག་ན་ཡོད་སྐོར་བརྗོད་ཡོད་འདུག

བྷི་བྷི་སི་ཡིས་བརྗོད་པ་ལྟར་ན། ཨུ་རུ་སུའི་(S-400) རྟགས་ཅན་གྱི་གོ་མཚོན་མ་ལག་དེ་ཉོ་ཐུབ་པ་བྱུང་བ་ནི་རྒྱ་གར་ལ་མཚོན་ན་རྒྱལ་སྲུང་ཐད་ཡར་རྒྱས་ཆེན་པོ་ཞིག་ཡིན་འདུག་ལ། གོ་མཚོན་མ་ལག་དེས་ས་ཐོག་བཀོད་འདོམས་ལ་བརྟེན་ནས་མེ་ཤུགས་འཕུར་མདེལ་སོགས་ཀྱི་འགུལ་སྐྱོད་ཤེས་རྟོགས་ཐུབ་པ་མ་ཟད། མཁའ་ལམ་གྱི་མཚོན་ཆ་རྣམས་གས་གཏོར་གཏོང་ཐུབ་ཀྱི་ཡོད་འདུག རྒྱ་ནག་དང་པ་ཀི་སི་ཐན་གཉིས་ནི་རྒྱ་གར་རྒྱལ་སྲུང་ཐད་ནས་ཉེན་ཁ་ཆེ་ཤོས་ཤིག་ཆགས་ཡོད་པ་དང་། རྒྱ་ནག་ལ་དེ་སྔོན་ནས་གོ་མཚོན་གྱི་མ་ལག་དེ་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༩ ནང་རྒྱ་ནག་གིས་ཨུ་རུ་སུའི་རྒྱལ་སྲུང་གོ་མཚོན་(S-400 )རྟགས་ཅན་དང་མཁའ་དམག་འཐབ་གྲུ་(Sukhoi Su-35 )རྟགས་ཅན་ ༡༠ ཉོས་པར་བརྟེན། ཨ་རིས་རྒྱ་ནག་གི་གོ་མཚོན་ཡར་རྒྱས་ལྷན་ཁང་ (Equipment Development Department) དང་དེའི་མགོ་འཁྲིད་ལི་ཧྲང་ཧྥུ་(Li Shangfu) བཅས་ལ་ཚོང་འབྲེལ་ཉེས་ཆད་བཅད་ཡོད་འདུག

བྷི་བྷི་སི་གསར་ཁང་གིས། རྒྱ་གར་གྱིས་རྒྱལ་སྲུང་གོ་མཚོན་ཉུང་ངུ་ཞིག་ལས་བཟོ་སྐྲུན་ཐུབ་ཀྱི་མེད་ཀྱང་། རྒྱལ་སྲུང་གོ་མཚོན་ཕལ་ཆེ་བ་ཨུ་རུ་སུ་དང་ཨ་རི། ཧྥ་རན་སི་སོགས་ནས་ནང་འདྲེན་བྱས་པ་ཡིན་འདུག འདས་པའི་ལོ་ལྔ་ནང་ཨ་རིས་རྒྱ་གར་ལ་གོ་མཚོན་ཕྱིར་ཚོང་ལྡབ་ལྔ་མང་དུ་བཏང་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོར་རྒྱ་གར་ནི་འཛམ་གླིང་གི་གོ་མཚོན་ནང་འདྲེན་བྱེད་ཤུགས་ཆེ་ཤོས་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱུང་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༡༠/༠༦

Leave a Reply

One thought on “ཨ་རིས་རྒྱ་གར་ལ་ཉེས་ཆད་གཅོད་ཉེན་འདུག

  1. གཞུང་པ་ཚེ་དབང་བསོད་ནམས་

    རྒྱ་གར་རྒྱལ་ཁབ་སྲུང་སྐྱོབ་བྱ་རྒྱུའི་གོ་མཚོན་ག་འདྲ་ཞིག་རྒྱལ་ཁབ་ག་འདྲ་ཞིག་དང་
    མཉམ་དུ་ཉོ་ཚོང་བྱས་པར་ཨ་རིའི་རྒྱ་གར་རྒྱལ་ཁབ་ཀྱིས་བདེ་འཇགས་ལ་འགན་ཁུར་
    ནས་རྒྱ་གར་ལ་ནམ་ཡང་ཉེས་པ་གཏོང་གི་མ་རེད་བློ་བདེ་པོ་བྱས་བཞུགས་རོགས་གནང་།