རྒྱ་ནག་གིས་ཨ་རིར་དགག་ལན་བརྒྱབས།

ཨ་རིའི་སྲིད་འཛིན་གཞོན་པས་བོད་དང་ཐའེ་ཝན་ཡུ་གུར་སོགས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་སྐོར་སྐྱོན་བརྗོད་བྱས་པ་དེར་རྒྱ་ནག་གཞུང་གིས་ནང་སྲིད་ལ་ཐེ་གཏོགས་བྱེད་ཐལ་ཆེ་སོང་བའི་དགག་ལན་བརྒྱབས་འདུགཟླ་འདིའི་ཕྱི་ཚེས་༤ ཉིན་ཨ་རིའི་སྲིད་འཛིན་གཞོན་པ་མེག་པན་སི་(Mike Pence)ཡིས་ཨ་རིའི་རྒྱལ་ས་ཝ་ཤིང་ཏོན་ཧོ་སོན་མཐོ་སློབ་ཁང་(Hudson Institute)དུ་ཨ་རྒྱའི་འབྲེལ་ལམ་སྐོར་ལ་གཏམ་བཤད་བྱེད་སྐབས། ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་གནད་དོན་དང་། དེ་བཞིན་བོད་དང་ཐའེ་ཝན་གཙོའི་གནད་དོན་ཁག་གི་ཐོག་རྒྱ་ནག་གཞུང་ལ་སྐྱོན་བརྗོད་གནང་ཡོད་པར་བརྟེན། ཁ་སང་རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་མ་ཧྭ་ཁྲིན་ཡེན་(Hua Chunying)གྱིས་ཨ་རིའི་རྒྱ་ནག་གི་ཕྱི་སྲིད་ནང་སྲིད་གཉིས་ལ་ཁུངས་ལུང་མེད་པའི་སྐྱོན་འཛུགས་སྣ་ཚོགས་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་བརྗོད་འདུག

རྒྱ་ནག་ཕྱི་སྲིད་མགྲིན་ཚབ་མས་རྒྱ་ནག་ཕྱོགས་ནས་ཨ་རིའི་འོས་བསྡུར་ཐེ་བྱུས་བྱས་ཡོད་ཅེས་སྐྱོན་བརྗོད་བྱས་པ་ནི་གཟུགས་མེད་གྲིབ་བཟོ་དང་ཉེས་མེད་ཉེས་འདོགས་བྱས་པ་ཞིག་ཡིན་པ་དང་། རྒྱ་ནག་གིས་དུས་ད་ལྟ་བར་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་བྱུས་བྱེད་མ་མྱོང་ལ། མ་འོངས་པར་ཡང་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་བྱུས་མི་བྱེད་པའི་རྩ་དོན་རྒྱུན་འཁྱོངས་དང་ཨ་རིའི་འོས་བསྡུར་ཐེ་བྱུས་བྱེད་འདོད་རྩ་བ་ནས་མེད། ཡང་སྙིང་སུས་རྒྱལ་ཁབ་གཞན་གྱི་བདག་དབང་ལ་བཙན་གནོན་བྱེད་པ་དང་། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་པ། རྒྱལ་ཁབ་གཞན་གྱི་ཁེ་ཕན་ལ་གནོད་འཚེ་བཟོ་ཡི་ཡོད་པ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་ནས་གསལ་བོར་མཐོང་ཟིན་པས།  རྒྱ་ནག་ལ་སེམས་ངན་བཅངས་ནས་དམའ་འབེབས་བྱེད་པ་ནི་འབྲས་བུ་མེད་པ་ཞིག་ཡིན་ཞེས་བརྗོད་ཡོད་པ་རེད།

ཨ་རིའི་སྲིད་འཛིན་གཞོན་པས་ཨ་རིས་རྒྱ་ནག་དང་འབྲེལ་བ་བྱས་པའི་བརྒྱུད་རིམ་ཁྲོད་རྒྱ་ནག་གི་དཔལ་འབྱོར་དང་དམག་དོན་ཐད་ཁེ་ཕན་ལྡན་པའི་གོ་སྐབས་མང་པོ་བསྐྲུན་ཡོད་རུང་། རྒྱ་ནག་ཕྱོགས་ནས་ཁ་དན་ཚིག་ལ་གནས་མེད་པ་སོགས་སྐྱོན་བརྗོད་བྱས་པ་དེར་རྒྱ་ནག་གི་མགྲིན་ཚབ་མས་ཁ་ཐུག་ལན་འདེབས་བྱས་མེད་ཀྱང་། རྒྱ་ནག་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེ་སྐྲུན་མཁན་དང་། འཛམ་གླིང་ཧྲིལ་བོ་གོང་འཕེལ་ཐད་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ཁྲིམས་ལ་སྲུང་སྐྱོབ་བྱེད་མཁན་དང་། འཛམ་གླིང་ཡོངས་ནས་དཔལ་འབྱོར་དང་ཕྱི་འབྲེལ་བྱེད་སྒོའི་ཁྲོད་རྒྱ་ནག་ལ་ཡོངས་ཁྱབ་ཀྱིས་དགའ་བསུ་ཐོབ་ཡོད་པ་དང་། ང་ཚོར་གནམ་འོག་གི་ས་ཆ་གང་སར་གྲོགས་པོས་ཁྱབ་ཡོད་པས་རྒྱ་ནག་གིས་རྒྱལ་ཁབ་གཞན་གྱི་ཁེ་ཕན་བློས་གཏོང་བྱས་ནས་རང་ཉིད་གོང་འཕེལ་ཡོང་བ་གཏན་ནས་བྱེད་མི་སྲིད། ཅེས་བརྗོད་འདུག

གཞན་ཨ་རིའི་སྲིད་འཛིན་གཞོན་པས་རྒྱ་ནག་གཞུང་ནས་བོད་དང་ཐའེ་ཝན་ཡུ་གུར་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྡབ་གསིག་གཏོང་གི་ཡོད་པ་དང་། ཐའེ་ཝན་མཚོ་འགག་གི་དམངས་གཙོར་གནོད་སྐྱོན་བཟོ་བཞིན་ཡོད་སྐོར་བརྗོད་ཡོད་པའི་ཐད་རྒྱ་ནག་གི་མགྲིན་ཚབ་མས། ཨ་རིའི་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་པ་ནི་ཧ་ཅང་ཐལ་ཆ་ཆེན་པོ་ཞིག་ཡིན་པ་དང་།  རྒྱ་ནག་མི་མང་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་གདེང་ཚོད་ཆེན་པོ་ཡོད། ལོ་རྒྱུས་དང་དོན་དངོས་ཐོག་ནས་རྒྱ་ནག་རྒྱལ་ཁབ་ཀྱི་ཡིན་ལུགས་དང་མཐུན་པ་དང་། རྒྱལ་ཁབ་སྟོབས་འབྱོར་རྒྱས་པ། མི་མང་ལ་བདེ་སྐྱིད་ཐོབ་པ་བཅས་ཀྱི་ལམ་བུ་ཞིག་ཡིན་པ་ར་སྤྲོད་ཐུབ་ཡོད་ལ། རྒྱ་ནག་མི་མང་ལ་དེའི་ཐད་སྐད་ཆ་ཤོད་དབང་ཆེ་ཤོས་ལྡན་ཡོད་པས། རྒྱ་ནག་གོང་འཕེལ་ནི་གཙོ་བོ་རྒྱ་ནག་མི་མང་ཡོངས་ཀྱི་རང་ཉིད་ཀྱི་དཀའ་སྤྱད་འབད་བརྩོན་ལས་བྱུང་བ་ཞིག་ལས། རྒྱ་ནག་གཞུང་གིས་མི་མང་གི་མངོན་འདོད་ལ་གཏན་ནས་བཀག་འགོག་དང་བཙན་བཀའ་གཏོང་གི་མེད་སྐོར་བརྗོད་འདུག

ཆབ་སྲིད་དཔྱད་བརྗོད་པ་ཚོས་ཐེངས་འདིར་རྒྱ་ནག་གིས་ཨ་རིའི་སྲིད་འཛིན་གཞོན་པའི་གཏམ་བཤད་ལ་དགག་ལན་སྤྲད་པ་ནི་སྤྱི་ཡོངས་ཙམ་ཞིག་ཡིན་པ་དང་། ཊོམ་ཕུ་འཛིན་སྐྱོང་གིས་ཨ་རྒྱའི་ཚོང་དམག་ཤུགས་ཆེ་རུ་བཏང་བ་དེས་རྒྱ་ནག་ལ་ཕྱོགས་ཡོངས་ནས་དོ་ཕོག་འགྲོ་ཡི་ཡོད་པས། ཐེངས་འདིར་ཕྱི་སྲིད་མགྲིན་ཚབ་མས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱས་སྐོར་ལས་ཨ་རིའི་སྲིད་འཛིན་གཞོན་པས་ཐའེ་ཝན་དང་བོད་ཀྱི་གནད་དོན་ཐད་སྐྱོན་བརྗོད་ཤུགས་ཆེར་བྱས་པའི་དགག་ལན་ནང་དེ་དག་གི་ཐད་དམིགས་བཀར་གྱིས་གང་ཡང་བརྗོད་མེད་པ་མ་ཟད། རྒྱ་ནག་གིས་ཐོག་མཐའ་བར་གསུམ་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིར་དམིགས་ནས་རྒྱལ་ཁབ་ཁག་དང་མཛའ་གྲོགས་མཉམ་ལས་འབྲེལ་བ་གོང་འཕེལ་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་སྐུལ་འདེད་གཏོང་གི་ཡོད་སྐོར་སོགས་བཤད་དེ་དོན་དངོས་ལ་གཡོལ་ཐབས་བྱས་ཡོད་ལུགས་བརྗོད་ཀྱི་འདུག

དེ་བཞིན་ཨ་རིའི་སྲིད་འཛིན་གཞོན་པས་ཐའེ་ཝན་གནད་དོན་སྐོར་ལ་ཁ་གསང་བོས་རྒྱ་ནག་ལ་སྐྱོན་བརྗོད་བྱས་པར་ཐའེ་ཝན་སྲིད་འཛིན་གྱིས་ཚེ་ཡེན་ཝུན་གྱིས། ཊོམ་ཕུ་འཛིན་སྐྱོང་གི་ལངས་ཕྱོགས་ལ་བསྟོད་བསྔགས་དང་ཐའེ་ཝན་གྱི་རང་སྲུང་ལངས་ཕྱོགས་ལ་འགྱུར་བ་གང་ཡང་མེད་པར་རྩ་འཛིན་རྒྱུན་འཁྱོངས་དང་། ཨ་རིའི་ཐའེ་ཝན་གྱི་དམངས་གཙོའི་གྲུབ་འབྲས་ལ་ངོས་འཛིན་དང་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཐའེ་ཝན་གྱི་གནས་བབ་གསལ་སྟོན་དང་རྒྱབ་སྐྱོར། ཐའེ་ཝན་མཚོ་འགག་གི་བརྟན་ལྷིང་ལ་ཐུགས་སྣང་གནང་བ་བཅས་ཀྱི་ཐད་བཀའ་དྲིན་བསམ་ཤེས་བྱེད་བཞིན་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ནང་གསེས་ཚོགས་མི་ཞིག་གི་ངོས་ནས་ཐའེ་ཝན་གྱིས་མུ་མཐུད་དུ་མཚོ་གླིང་འདིའི་ལྟ་བ་མི་མཐུན་པའི་ཆབ་སྲིད་ཚོགས་པ་ཁག་དང་མཉམ་འབྲེལ་གྱིས་ཐའེ་ཝན་མཚོ་འགག་གི་རང་སྲུང་གི་ལངས་ཕྱོགས་རྩ་འཛིན་བྱ་རྒྱུའི་དམ་བཅའ་ལ་འགྱུར་བ་མེད་པར་ས་ཁོངས་འདིའི་ཞི་བདེ་དང་བརྟན་ལྷིང་གི་ཆེད་དུ་མུ་མཐུད་དུ་མདུན་སྐྱོད་བྱ་རྒྱུ་ཡིན་ཞེས། བརྗོད་འདུག

རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་གྱིས་སྤེལ་བའི་གནས་ཚུལ་ནང་། ཨ་རིའི་སྲིད་འཛིན་གཞོན་པས་གཏམ་བཤད་སྐབས་རྒྱ་ནག་གི་སློབ་མ་དང་ཆེད་མཁས་པ་མང་པོ་ཨ་རིར་ཡོང་བཞིན་ཡོད་པས་ཨ་རིའི་སློབ་གྲྭ་ཁག་གི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་ལམ་ལུགས་འགོས་ཁྱབ་འགྲོ་བཞིན་ཡོད་སྐོར་བརྗོད་པས། ཨ་རིར་ཡོད་པའི་རྒྱ་རིགས་སློབ་གཉེར་བ་མང་པོས་གཏམ་བཤད་དེའི་རྐྱེན་གྱིས་ཨ་རིའི་སློབ་གྲྭ་ཁག་གི་ནང་ཁོ་ཚོར་ལྟ་སྟངས་ངན་པ་དང་དམ་དྲག་བྱེད་ཨེ་ཡོང་བསམ་པའི་བློ་འཚབ་བྱེད་བཞིན་ཡོད་པ་དང་། རྒྱ་རིགས་སློབ་མ་མང་པོ་ཞིག་གིས་གཏམ་བཤད་དེ་གོ་བ་དང་ཨ་རིའི་ནང་སློབ་གཉེར་བྱས་ཏེ་འདུག་རྒྱུ་མིན་སྐོར་བརྗོད་ཡོད་འདུག ཊོམ་ཕུ་འཛིན་སྐྱོང་གིས་ཨ་རིའི་ནང་ཡོད་པའི་རྒྱ་ནག་གི་སློབ་གཉེར་བ་ཚོར་ཚོད་འཛིན་བྱ་རྒྱུ་ཡིན་སྐོར་དེ་སྔོན་ནས་བརྗོད་ཡོད་པ་དང་། ད་ལྟའི་ཆར་ཨ་རིའི་ནང་རྒྱ་ནག་གི་སློབ་གཉེར་བ་ ༣༥༠༠༠༠ ལྷག་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༠/༠༨

Leave a Reply

One thought on “རྒྱ་ནག་གིས་ཨ་རིར་དགག་ལན་བརྒྱབས།

  1. ཧེ་ཧེ་ བོད་དེ་རང་བཙན་ཡིན་མེད་དེ་ རྒྱལ་ཁབ་གཉིས་ཀྱི་ ཁེ་ཕན་ལ་ ཐུགས་འདུག་ག ཧེ་ཧེ ཨ་རོ། གུང་ཕྲན་ཚོ་་་ ཕར་ཕྱོགས་ལ་ཁེ་ཕན་དོད་པ་ཁེངས་པ་ཞིག་སྤྲོད་དང་། བོད་དེ་རྒྱ་ཡི་ཆ་ཤས་ཡིན་པ་རེ་བ་ཡོད། དེ་མིན་ན་་་ ཁའི་ཙི་ཙི་འཇུས། གླིང་བུ་གང་འདྲ་སེ་གཏོང་ག ཧེ་ཧེ་ ་ ་ ་ ་