རྒྱ་དཀར་ནག་གཉིས་ཀྱིས་རྐང་སྤོལ་འགྲན་རྒྱུ་རེད།

རྒྱ་ནག་ནང་དུ་རྒྱ་དཀར་ནག་གཉིས་ཀྱིས་རྐང་སྤོལ་རྩེད་འགྲན་ཐེངས་ ༡༨ པ་དེ་བྱ་རྒྱུ་ཡིན་པ་དང་རྩེད་འགྲན་ཐེངས་ ༡༢ ལ་རྒྱ་གར་ཕམ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་རྒྱལ་སྤྱིའི་ཧྥི་ཧྥ་རྐང་སྤོལ་རྩེད་འགྲན་ཚོགས་པའི་གོ་སྒྲིག་འོག རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་རྒྱ་དཀར་ནག་གཉིས་བར་འདས་པའི་ལོ་ ༢༡ རྗེས་ཀྱི་རྐང་སྤོལ་རྩེད་འགྲན་ཐོག་མ་དེ་རྩེད་འཆར་ཡོད་པ་དང་། དེ་རིང་རྒྱ་གར་རྒྱལ་ཡོངས་རྐང་སྤོལ་རུ་ཁག་མཁའ་ལམ་བརྒྱུད་རྒྱ་ནག་ཏུ་ཕྱིན་ཡོད་པ་དང་། རྒྱ་དཀར་ནག་གཉིས་བར་གྱི་རྐང་སྤོལ་རྩེད་འགྲན་མཐའ་མ་དེ་ཕྱི་ལོ་ ༡༩༩༧ ལོའི་ནེ་རུ་རྗེས་དྲན་གྱི་རྐང་སྤོལ་རྩེད་འགྲན་ཡིན་འདུག

རྒྱ་གར་རྒྱལ་ཡོངས་རྐང་སྤོལ་རུ་ཁག་གི་སློབ་སྟོན་པ་སི་ཊེ་ཧྥན་(Stephen Constantine)ལགས་ཀྱིས། ང་ཚོས་གོ་སྐབས་འདི་དམ་འཛིན་བྱེད་ཐག་ཆོད་ཡིན་ལ།  ཕྱི་ལོ་ ༢༠༡༩ ལོའི་ཨེ་ཤ་ཡའི་རྐང་སྤོལ་རྩེད་འགྲན་མ་འཚོགས་གོང་དུ་ང་ཚོས་རང་ཉིད་མདུན་སྐྱོད་བྱེད་པར་རེ་སྒུག་བྱས་བསྡད་ཡོད། ཅེས་བརྗོད་ཡོད་པ་རེད།

ད་བར་རྒྱ་དཀར་ནག་གཉིས་ཁྱོན་རྐང་སྤོལ་འགྲན་སྡུར་ཐེངས་ ༡༧ བྱས་མྱོང་ཡོད་པ་དང་། འགྲན་སྡུར་བྱེད་ཡུལ་ཚང་མ་རྒྱ་གར་ནང་ཡིན་ནའང་རྒྱ་གར་རྒྱ་ནག་ལས་ཐེངས་ ༡ ལའང་རྒྱལ་མྱོང་མེད་པ་རེད། རྒྱལ་ཁབ་གཉིས་ཀྱི་འགྲན་བསྡུར་ཐེངས་ ༡༧ ཁྲོད་རྒྱ་ནག་ལ་རྒྱལ་ཁ་ཐེངས་ ༡༢ ཐོབ་ཡོད་པ་དང་། ཐེངས་ལྔ་ལ་རྒྱལ་ཁབ་གཉིས་འདྲ་མཉམ་ཆགས་ཡོད་འདུག

རྒྱལ་སྤྱིའི་རྐང་སྤོལ་མཐུན་ཚོགས་ཧྥི་ཧྥ་ཡི་འཛམ་གླིང་རྒྱལ་ཁབ་ཁག་གི་རྐང་སྤོལ་རུ་ཁག་གི་བང་རིམ་ལྟར་ན། རྒྱ་གར་གྱི་རྐང་སྤོལ་རུ་ཁག་འཛམ་གླིང་གི་ཨང་ ༩༧ དང་རྒྱ་ནག་ ༧༥ ཡིན་ལ། ནུབ་ཕྱོགས་སུ་རྐང་སྤོལ་རྩེད་འགྲན་ཤུགས་ཆེན་དར་བ་དང་བསྟུན། ཕྱི་ལོ་ ༡༩༥༦ ལོར་ཨེ་ཤ་ཡའི་རྐང་སྤོལ་རྩེད་འགྲན་(AFC Asian Cup)མགོ་འཛུགས་བྱས་ཤིང་། ད་ལྟའི་ཆར་རྩེད་འགྲན་མཐུན་ཚོགས་དེའི་ཁོངས་སུ་ཨེ་ཤ་ཡའི་རྒྱལ་ཁབ་ ༢༤ ཡོད་པ་དང་། རྒྱ་གར་དང་རྒྱ་ནག་གཉིས་ནི་རྐང་སྤོལ་རྩེད་འགྲན་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་གཉིས་ཡིན་འདུག

གོ་ལའི་དུས་བབ་ནང་རྒྱ་ནག་གི་རྐང་སྤོལ་རྩེད་འགྲན་པ་ཊོམ་གྷ་རྫི་ཆའོ་(Tom Gizachew)ཞེས་པ་ཞིག་གིས། སྤྱིར་བཏང་རྒྱ་ནག་གི་རྐང་སྤོལ་རུ་ཁག་ཡག་པོ་འདུག འོན་ཀྱང་། ངས་རྒྱ་གར་གྱི་རྐང་སྤོལ་རུ་ཁག་གིས་འགྲན་སྡུར་བྱས་པ་ཁྱོན་ནས་མཐོང་མ་མྱོང་སྟབས། ད་རེས་རྒྱལ་ཁ་སུ་ལ་ཐོབ་མིན་མི་ཤེས་ཀྱང་རྩེད་ཡུལ་རྒྱ་ནག་ཡིན་སྟབས། གལ་སྲིད་རྒྱ་ནག་ཤོར་བ་ཡིན་ན་ངོ་ཚ་དགོས་པ་ཞིག་ཆགས་ཡོད། ཅེས་བརྗོད་ཡོད་པ་དང་། སྤྱིར་བཏང་རྒྱ་གར་ལ་ད་ལྟ་བར་དུ་རྒྱལ་ཁ་ཐོབ་མྱོང་མེད་ཀྱང་ད་ལན་རེ་བ་རྒྱག་མཁན་གང་འཚམ་ཡོང་གི་ཡོད་སྐོར་བརྗོད་ཀྱི་འདུག

རྒྱ་ནག་གིས་རྒྱལ་སྤྱིའི་ཧྥི་ཧྥ་རྐང་སྤོལ་རྩེད་འགྲན་རྒྱ་ནག་ནང་འཚོག་ཐུབ་པའི་ཆེད་དུ་སློབ་གྲྭ་ཁག་ནས་མགོ་བཙུགས་ཏེ་ཆེད་ལས་རྐང་སྤོལ་རྩེད་མོ་བ་གསོ་སྐྱོང་བྱེད་བཞིན་ཡོད་པ་དང་། མང་ཚོགས་ཁྲོད་དུའང་དོ་དབྱིངས་དང་དར་སོ་ཆེན་པོ་ཆགས་ཡོད་པ་རེད།  དེ་བཞིན་རྒྱ་གར་ནང་དུའང་དར་ཁྱབ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པའི་སྐོར་ལྡི་ལི་རུ་སློབ་སྦྱོང་བྱེད་བཞིན་ཡོད་པའི་རྒྱ་གར་སློབ་མ་ཌི་ཝེ་ཌི་(Dwivedi)ཞེས་པ་ཞིག་གིས། རྒྱ་གར་ནང་རྩེད་རིགས་ཐད་ནས་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་དང་། སྔོན་མ་ཡིན་ན་བརྙན་འཕྲིན་ལྟ་སྐབས་དབྱུག་རྩེད་མ་གཏོགས་ལྟ་སྲོལ་མེད་ཀྱང་། དེང་སྐབས་རྐང་སྤོལ་རྩེད་འགྲན་ལ་ལྟ་མཁན་ཧ་ཅང་མང་པོ་ཡོད་པ་མ་ཟད། རྐང་སྤོལ་རྩེད་མོ་བ་ཇེ་མང་དུ་ཕྱིན་ཡོད་ལ། ཕྱི་ལོ་ ༢༠༡༣  ལོར་རྒྱ་གར་རྐང་སྤོལ་རྩེད་འགྲན་ཆེན་མོ་མགོ་འཛུགས་བྱས་པ་སོགས་ཀྱིས་ཤུགས་རྐྱེན་ཐེབས་པ་རེད། ཅེས་བརྗོད་ཡོད།

གནས་ཚུལ་ལྟར་ན།  རྒྱ་གར་གྱི་རྐང་སྤོལ་རུ་ཁག་ཕྱི་ཚེས་ ༨ ནས་ ༡༦ བར་ཉིན་ ༨ རིང་རྒྱ་ནག་ནང་འདུག་རྒྱུ་ཡིན་པ་དང་། སྐབས་དེེར་ཧྥི་ཧྥ་ཡི་གོ་སྒྲིག་འོག་ཨེ་ཤ་ཡའི་རྒྱལ་ཁབ་ཐེ་ལན་ཌི་དང་། ལྷོ་ཀོ་རི་ཡ། དེ་བཞིན། རྒྱ་དཀར་ནག་བཅས་རྒྱལ་ཁབ་བཞི་རྩེད་འགྲན་བྱེད་ཀྱི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༡༠/༠༨

Leave a Reply

One thought on “རྒྱ་དཀར་ནག་གཉིས་ཀྱིས་རྐང་སྤོལ་འགྲན་རྒྱུ་རེད།

  1. རྒྱ་དཀར་ནག་གཉིས་ཀྱིས་རྐང་སྤོལ་འགྲན་རྒྱུ་དེ་ དུས་ཚོད་མ་འགྲོ་མཁན་ཚོ་ཀློག་རྒྱུ་ཡིན་ས་འདུག ཨ་རེད་པས།