ཊོམ་ཕུ་དང་ཀེམ་ཇོང་ཨན་གཉིས་གང་མགྱོགས་ཐུག་འཆར་འདུག

ཁ་སང་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་པོམ་པེ་དང་བྱང་ཀོ་རི་ཡའི་མགོ་འཁྲིད་ཀེམ་ཇོང་ཨན་གཉིས་ཀྱིས་མཇལ་མོལ་གནང་སྟེ་སྔར་ལས་གྲུབ་འབྲས་ཆེན་པོ་ཐོན་ཡོད་སྐོར་བསྒྲགས་འདུགཝ་ཤིང་ཊོན་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན།  ཟླ་འདིའི་ཕྱི་ཚེས་ ༦ ཉིན་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་པོམ་པེ་ལགས་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཉི་ཧོང་དང་ལྷོ་བྱང་ཀོ་རི་ཡ། རྒྱ་ནག་བཅས་ཀྱི་ནང་རྒྱལ་དོན་སྐོར་སྐྱོད་མགོ་འཛུགས་གནང་ཡོད་པ་དང་། ཁ་སང་བྱང་ཀོ་རི་ཡའི་རྒྱལ་ས་ཕོང་ཡང་(Pyongyang)དུ་ཀེམ་ཇོང་ཨན་དང་ཐུག་འཕྲད་བྱས་ཡོད་པ་དང་། ཐེངས་འདིའི་མཇལ་མོལ་བརྒྱུད་ཨ་རིའི་སྲིད་འཛིན་ཊོམ་ཕུ་དང་ཀེམ་ཇོང་ཨན་གཉིས་གང་མགྱོགས་ཀྱིས་ཐུག་འཕྲད་ཐེངས་གཉིས་པ་གནང་རྒྱུར་མོས་མཐུན་བྱུང་ཡོད་སྐོར་བསྒྲགས་འདུག་ལ། ཐེངས་འདིའི་མཇལ་མོལ་ནང་མཉམ་ཞུགས་གནང་བའི་ཨ་རིའི་གཞུང་འབྲེལ་སྐུ་ཚབ་མི་སྣ་ཞིག་གིས་སྔ་མ་དང་བསྡུར་ན་ད་ལན་གྱི་ཐུག་འཕྲད་ལ་གྲུབ་འབྲས་ཆེ་བ་ཐོན་ཡོད་ཀྱང་། ད་དུང་ལམ་ཐག་རིང་པོ་ཡོད་པ་རེད། ཅེས་བརྗོད་འདུག

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ཐེངས་འདིའི་མཇལ་མོལ་སྐབས་བྱང་ཀོ་རི་ཡ་གཞུང་ནས་རྡུལ་ཕྲན་མཚོན་ཆ་ཇི་ལྟར་མཚམས་འཇོག་དགོས་པ་དང་། ཨ་རིའི་ངོས་ནས་མུ་མཐུད་ལས་གཞི་དེར་ལྟ་ཞིབ་བྱ་རྒྱུ་ཡིན་པའི་སྐོར་སོགས་ལ་གྲོས་མོལ་བྱས་ཡོད་པ་མ་ཟད། བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་མཚམས་འཇོག་ལག་བསྟར་བྱེད་བཞིན་པའི་བདེན་དཔང་ཆེད་ཨ་རིའི་སྐུ་ཚབ་ཚོགས་ཆུང་རྡུལ་ཕྲན་མཚོན་ཆ་མཚམས་འཇོག་བྱ་ཡུལ་ལ་གཟིགས་སྐོར་དུ་འཁྲིད་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༢ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་དང་ཀེམ་ཇོང་ཨན་གཉིས་ཀྱིས་ལོ་རྒྱུས་རང་བཞིན་ལྡན་པའི་ཐུག་འཕྲད་ཐེངས་དང་པོ་གནང་ཡོད་པ་དང་། སྐུ་ཞབས་མེག་པོམ་པེ་ལགས་ཀྱང་ཨ་རིའི་རྒྱལ་སྲིད་དྲུང་ཆེའི་མཚན་ཐོག་ནས་འདི་ལོར་བྱང་ཀོ་རི་ཡའི་ནང་ཐེངས་ ༤ ཕེབས་ཡོད་པ་དང་། ཁ་སང་མེག་པོམ་པེ་ལགས་ཀྱིས་ད་ལན་གྱི་མཇལ་མོལ་དེར་གྲུབ་འབྲས་བཟང་བོ་ཞིག་ཐོན་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༧ པའི་མཇལ་མོལ་སྐབས་ཕྱོགས་གཉིས་ཀས་ཡར་རྒྱས་ཀྱི་རྣམ་པ་བསྟན་ཡོད་ཀྱང་། བྱང་ཀོ་རི་ཡ་གཞུང་ནས་ཨ་རིའི་གྲོས་འཆར་འདོན་སྟངས་ཐད་སྐྱོན་བརྗོད་ནན་པོ་བྱས་ཡོད་པ་སོགས་དེ་ཙམ་གྱིས་ཕན་ཐོགས་བྱུང་མེད་སྐོར་བརྗོད་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༨ པའི་ནང་ཁོང་བསྐྱར་དུ་བྱང་ཀོ་རི་ཡའི་ནང་ཕེབས་འཆར་ཡོད་ཀྱང་། སྲིད་འཛིན་ཊོམ་ཕུ་མཆོག་གིས་ཕྱོགས་གཉིས་ཀྱི་མཇལ་མོལ་ལ་ཡར་རྒྱས་ཀྱི་རྣམ་པ་གསལ་པོ་ཞིག་མེད་སྐོར་བརྗོད་དེ་མཇལ་མོལ་རྩིས་མེད་བཏང་ཡོད་ཀྱང་། ཕྱི་ཟླ་ ༩ པའི་ནང་ལྷོ་བྱང་ཀོ་རི་ཡའི་མགོ་འཁྲིད་བར་ཚོགས་འདུ་བསྡུས་པ་བརྒྱུད་འབྲེལ་ལམ་བསྐྱར་དུ་མཐུད་པར་རེ་བ་བསྐྲུན་ཡོད་པ་མ་ཟད། སྲིད་འཛིན་ཊོམ་དང་ཀེམ་ཇོང་ཨན་གཉིས་ཀྱིས་ཐུག་འཕྲད་ཐེངས་གཉིས་པ་གནང་རྒྱུར་སྐུལ་མ་ཐེབས་ཡོད་འདུག

ཉེ་སྔོན་བྱང་ཀོ་རི་ཡ་གཞུང་ནས་ཨ་རིའི་སྲིད་དོན་ཉེས་ཆད་གུ་ཡངས་གཏོང་དགོས་པའི་རེ་བ་བཏོན་ཡོད་ཀྱང་། ཕྱི་ཟླ་ ༩ པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ཚོགས་འདུའི་སྟེང་བྱང་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་གྱིས་བཙན་དབང་ཆེ་བའི་སྲིད་དོན་ཉེས་ཆད་རྣམས་ཚབས་ཆེ་དྲགས་པའི་རྐྱེན་གྱིས་ཕྱོགས་གཉིས་བར་ལ་ཡིད་ཆེས་བསྐྲུན་ཐུབ་ཀྱི་མེད་པ་དང་། ཕྱོགས་གཉིས་བར་ཡིད་ཆེས་མེད་པར་བྱང་ཀོ་རི་ཡས་རང་ཉིད་ཀྱི་རང་སྲུང་ནུས་པ་རྩ་མེད་དུ་གཏོང་ཐབས་མེད་སྐོར་བརྗོད་སྟབས། མེག་པོམ་པེ་ལགས་ཀྱིས་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆའི་ལས་གཞི་ཡོངས་སུ་མཚམས་འཇོག་མ་བྱེད་བར་དུ་བྱང་ཀོ་རི་ཡར་བཅད་པའི་སྲིད་དོན་ཉེས་ཆད་རྣམས་རྩིས་མེད་གཏོང་རྒྱུ་མིན་ཚུལ་ནན་བརྗོད་གནང་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༦ ཉིན་ཁོང་གིས་ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེ་མཆོག་ལ་མཇལ་འཕྲད་གནང་སྐབས། བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆའི་ལས་གཞི་ཡོངས་སུ་མཚམས་འཇོག་མ་བྱས་བར་དུ་གནོན་ཤུགས་སྤྲོད་རྒྱུར་ཕྱོགས་གཉིས་མོས་མཐུན་བྱུང་ཡོད་འདུག །

པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༡༠/༠༨

Leave a Reply